ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་དྲུག་གི་སྲིད་གཞུང་མགོ་གཙོས་ཕྱོགས་མང་རིང་ལུགས་ལ་ཡར་སྐུལ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥུན་ལན་དང་པུ་ལི་ཧྲི། ཧི་ལན། ཏན་མག ཨེ་སོ་ནི་ཡཱ། སི་ལོ་ཝུན་ནེ་ཡཱ་བཅས་ཀྱི་སྲིད་གཞུང་གི་མགོ་གཙོས་ཚེས་བཅུ་དགུའི་ཉིན་ཧྥུན་ལན་གྱི་རྒྱལ་ས་ཧི་ཨར་ཞིན་ཅི་ནས་གྲོས་མོལ་བྱས་པ་དང་། འཛམ་གླིང་ཡོངས་ཀྱི་གནད་དོན་ཐད་ནས་ཕྱོགས་མང་རིང་ལུགས་ལ་ཡར་སྐུལ་གཏོང་དགོས་པའི་འབོད་སྐུལ་བཏང་། 

གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལྟར་ན། གྲོས་ཚོགས་ལ་ཞུགས་པའི་སྲིད་གཞུང་གི་མགོ་གཙོ་དྲུག་གིས་བལྟས་ན། མིག་སྔར་འཛམ་གླིང་ཡོངས་ཀྱི་གནད་དོན་གྱི་ལས་འགན་གཙོ་བོ་ནི་སྒྲིག་སྲོལ་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་དང་ཕན་ནུས་ལྡན་པའི་ཕྱོགས་མང་རིང་ལུགས་ལ་སྐུལ་འདེད་གཏོང་བ་དེ་ཡིན་པར་འདོད་པ་དང་། རྒྱལ་ཁབ་དྲུག་གིས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་ཕན་ནུས་ཅན་སྲུང་འཛིན་བྱེད་རྒྱུ་ཁས་ལེན་བྱས་པ་བསྐྱར་སྒྲོག་བྱས། 

རྒྱལ་ཁབ་དྲུག་གི་སྲིད་གཞུང་མགོ་གཙོས་ཕྱོགས་ཡོངས་དང་འཐབ་ཇུས་རང་བཞིན་གྱི་ཀྲུང་གོའི་བར་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ། ནུབ་ཀྱི་རྒྱ་མཚོ་ཆེན་མོའི་ཉོ་ཚོང་དང་དངུལ་གཏོང་འབྲེལ་བ་ལེགས་བཅོས་བྱེད་རྒྱུ་མ་ཟད། དོ་མཉམ་གྱི་བྱེད་ཐབས་སྤྱད་ནས་ཨ་ཧྥེ་རི་ཁ་གླིང་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་དགོས་པའི་སྐུལ་མ་བཏང་། གསལ་སྒྲོག་ལས་ད་རུང་ནན་གྱིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་དེ་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་འཛམ་གླིང་ཡོངས་ཀྱི་སྣེ་ཁྲིད་པར་འགྱུར་དགོས་ཟེར། 

ཧྥུན་ལན་གྱི་ཙུང་ལི་ཞི་པུས་ལའེ་ཡིས་བཤད་རྒྱུར། ཧྥུན་ལན་གྱིས་ད་ལོའི་ཟླ་བདུན་པ་ནས་བཟུང་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་རྒྱུ་ཡིན་པ་དང་། ཡོ་རོབ་གླིང་ནང་ཁུལ་གྱི་ཚོང་ར་འཕེལ་རྒྱས་སུ་གཏོང་བ་དེ་རེས་སྐོར་འགན་ཡུན་ནང་གི་དོན་ཆེན་གཙོ་བོར་གྱུར་ཡོད། ཁྱད་པར་དུ་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གནས་ཚུལ་འོག ཡོ་རོབ་གླིང་ནང་ཁུལ་གྱི་ཚོང་རའི་དགོས་མཁོ་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།