ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པས་ཧི་ནེའི་གྲོས་མོལ་གྱི་རྗེས་སུ་གྲོས་མོལ་མང་དུ་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། ཁོ་དང་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་ཡོ་ནན་གྱི་རྒྱལ་ས་ཧི་ནེ་ནས་གྲོས་མོལ་བྱས་རྗེས་གྲོས་མོལ་མང་དུ་བྱེད་སྲིད་ཟེར། 

ཐི་ལིང་ཕུའུ་ཡིས་ཉིན་དེར་ཕོ་བྲང་དཀར་པོ་ནས་འཚམས་འདྲིར་ཡོང་བའི་ཨོ་སི་ཁྲུ་རི་ཡཱའི་ཙུང་ལི་ཁུའུ་ཨར་ཚི་ལ་ཐུག་འཕྲད་བྱེད་སྐབས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཁོས་ཅིན་ཀྲིན་ཨིན་དང་མཉམ་དུ་གྲོས་མོལ་བྱེད་པ་དེ་ཆེས་མཇུག་མཐའི་གྲོས་མོལ་གཏན་ནས་མིན་ཟེར། 

ཐི་ལིང་ཕུའུ་ཡིས་ཉིན་བསྟན་དོན། ཁོས་བལྟས་ན་ཁྲའོ་ཞན་གྱིས་ཉིང་རྡུལ་ནུས་པ་བསྐྱུར་འདོད་མེད་པ་མིན་ལ། ཁོས་ཁྲའོ་ཞན་གྱི་བཀག་སྡོམ་མེད་པར་གཏོང་འདོད་ཡོད་ཀྱང་། ཁྲའོ་ཞན་གྱིས་ཐོག་མར་དོན་སྙིང་ལྡན་པའི་འགུལ་སྐྱོད་སྤེལ་དགོས་ཟེར། 

ཕོ་བྲང་དཀར་པོས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཐི་ལིང་ཕུའུ་ཡིས་ཉིན་དེར་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་ལ་ཁ་པར་བཏང་སྟེ། མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་གཉིས་པར་གྲོས་བསྡུར་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཁྲའོ་ཞན་དུ་མཇུག་མཐར་ཉམས་སད་ཐེག་པའི་སྒོ་ནས་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་མངོན་འགྱུར་བྱེད་པར་ཡར་སྐུལ་གཏོང་འདོད་ཡོད་པ་བསྐྱར་སྒྲོག་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།