ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་རྒྱ་གར་གྱི་དམག་བཀོལ་གནམ་གྲུས་ཕཱ་ཁི་སི་ཐན་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་མཁའ་ཁོངས་སུ་བཙན་འཛུལ་བྱས་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། རྒྱ་གར་མཁའ་དམག་གི་གནམ་གྲུ་མང་བོས་ཉིན་དེའི་ཞོགས་པར་ཁི་ཧྲི་མུས་ཨར་ས་ཁུལ་གྱི་རྒྱ་གར་དང་ཕཱ་ཁི་སི་ཐན་གྱི་དོན་དངོས་ཚོད་འཛིན་རྒྱལ་མཚམས་བརྒལ་ནས། ཕཱ་ཁི་སི་ཐན་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་གྱི་མངའ་ཁོངས་སུ་བཙན་འཛུལ་བྱས་ཟེར། 

ཕཱ་ཁི་སི་ཐན་དམག་གསུམ་གསར་འགྱུར་ཅུའུ་ཡི་ཅུའུ་ཀྲང་ཅཱ་ཧྥུའུ་ཨར་གྱིས་དྲ་ཚིགས་བརྒྱུད་དེ། རྒྱ་གར་གྱི་དམག་དོན་གནམ་གྲུས་ཉིན་དེའི་ཞོགས་པར་ཕཱ་ཁི་སི་ཐན་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་གྱི་མཁའ་ཁོངས་སུ་བཙན་འཛུལ་བྱས་རྗེས། ཕཱ་ཁི་སི་ཐན་གྱི་འཐབ་འཛིང་གནམ་གྲུ་མྱུར་མོར་བར་སྣང་དུ་འཕུར་ནས་རྒོལ་ལན་སྤྲོད་རྩིས་བྱས། རྒྱ་གར་གྱི་དམག་དོན་གནམ་གྲུས་དྲུད་དངོས་སྐོར་ཞིག་བསྐྱུར་རྗེས་ཕཱ་ཁི་སི་ཐན་གྱི་མཁའ་ཁོངས་དང་བྲལ་བ་རེད་ཟེར། 

ཁོས་ད་རུང་བསྟན་དོན། རྒྱ་གར་གྱི་དམག་དོན་གནམ་གྲུས་བསྐྱུར་བའི་དངོས་རྫས་དེ་དག་ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཁའེ་པའོ་ཨར་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་པཱ་ལཱ་ཀོ་ཏི་ས་ཁུལ་གྱི་ཉེ་འདབས་སུ་ལྷུང་བ་དང་། དེར་འབྲེལ་གྱི་འདྲ་པར་ཡོངས་བསྒྲགས་བྱས་ཡོད་ཟེར། 

ཅཱ་ཧྥུའུ་ཨར་གྱིས་བཤད་རྒྱུར། ཕཱ་ཁི་སི་ཐན་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་དུ་རྒྱ་གར་གྱི་དམག་དོན་གནམ་གྲུས་བཙན་འཛུལ་བྱེད་སྐབས་མི་སྣར་ཤི་རྨས་བྱུང་བའི་སྙན་ཞུ་འབྱོར་མེད་ཟེར། 

ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། བཙན་འཛུལ་དོན་རྐྱེན་བྱུང་རྗེས། ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་ཁུའུ་ལོས་ཞེ་ཡིས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ་མིག་སྔའི་གནས་བབ་ལ་གྲོས་བསྡུར་བྱས་ཟེར། 

གཞན་ཡང་རྒྱ་གར་རྒྱལ་སྤྱིའི་གསར་འགྱུར་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། རྒྱ་གར་གྱི་མཁའ་དམག་གིས་ཚེས་ཉེར་དྲུག་ཉིན་འཐབ་འཛིང་གནམ་གྲུ་བཀོལ་ནས་ཕཱ་ཁི་སི་ཐན་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་པ་བདེན་དཔང་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།