ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་ཕྱོགས་ཀྱིས་ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པའི་གྲོས་མོལ་ཁྲོད་བཀག་སྡོམ་བྱེད་ཐབས་སྐོར་ཞིག་རྩིས་མེད་དུ་གཏོང་དགོས་པའི་རེ་བ་བཏོན་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་གྱི་ཕྱི་འབྲེལ་བློན་ཆེན་ལིས་ཡུང་ཧའོ་ཡིས་ཟླ་གསུམ་པའི་ཚེས་གཅིག་ཉིན་ཧི་ནེ་ནས་བཤད་རྒྱུར། ཁྲའོ་ཞན་གྱིས་ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པའི་གྲོས་མོལ་ཐེངས་གཉིས་པའི་ཁྲོད་བཀག་སྡོམ་བྱེད་ཐབས་སྐོར་ཞིག་རྩིས་མེད་དུ་གཏོང་དགོས་པའི་རེ་བ་བཏོན་ཡོད། གལ་ཏེ་ཨ་མེ་རི་ཁའི་ཕྱོགས་ཡིད་འཐད་བྱུང་ན། ཁྲའོ་ཞན་ཕྱོགས་ཀྱིས་དུས་གཏན་དུ་ཉིན་པེན་གྱི་ཉིང་རྡུལ་དངོས་རྫས་ཀྱི་ཐོན་སྐྱེད་སྒྲིག་ཆས་བསྐྱུར་རྒྱུ་ཡིན་ཟེར། 

ལིས་ཡུང་ཧའོ་ཡིས་ཉིན་དེར་ཞོགས་པར་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་སྡོད་སའི་མགྲོན་ཁང་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས། ལིས་ཡུང་ཧའོ་ཡིས་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁ་ཕྱོགས་ཀྱིས་ཁྲའོ་ཞན་གྱི་བཀག་སྡོམ་བྱེད་ཐབས་སྐོར་ཞིག་རྩིས་མེད་དུ་བཏང་ན། ཁྲའོ་ཞན་གྱིས་ཨ་མེ་རི་ཁའི་ཆེད་མཁས་པའི་བདེན་དཔང་འོག ཕྱོགས་གཉིས་ཀྱི་ལག་རྩལ་མི་སྣའི་རམ་འདེགས་འོག་ཉིན་པེན་གྱི་ཉིང་རྡུལ་ནུས་པའི་སྒྲིག་ཆས་དུས་གཏན་དུ་བསྐྱུར་རྒྱུ་ཡིན་ཟེར། བཀག་སྡོམ་བྱེད་ཐབས་དེ་དག་ནི་ཉིས་སྟོང་བཅུ་དྲུག་ལོ་དང་ཉིས་སྟོང་བཅུ་བདུན་ལོར་གྲོས་འཆམ་བྱུང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཀག་སྡོམ་ཁྲོད་ཁྲའོ་ཞན་གྱི་དམངས་འཚོའི་དཔལ་འབྱོར་དང་མི་དམངས་ཀྱི་འཚོ་བར་འབྲེལ་བ་ཡོད་པའི་ལས་གཞི་སྣ་ལྔ་བོར་གོ་བ་ཡིན་ཟེར། 

ལིས་ཡུང་ཧའོ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱི་སེམས་ཁུར་མེད་པར་གཏོང་ཆེད། ཁྲའོ་ཞན་ཕྱོགས་ཀྱིས་ཡིག་ཐོག་ནས་དུས་གཏམ་དུ་ཉིང་རྡུལ་ནུས་པའི་ཚོད་ལྟ་དང་རྒྱང་འཕེན་མེ་ཤུགས་འཕུར་མདའི་གཏོང་འཕེན་མཚམས་འཇོག་རྒྱུ་ཁས་ལེན་བྱེད་འདོད་ཡོད་ཀྱང་། ཨ་མེ་རི་ཁ་ཕྱོགས་ཀྱིས་གྲོས་མོལ་བྱེད་སྐབས་ཁྲའོ་ཞན་གྱིས་ཉིན་པེན་ཉིང་རྡུལ་སྒྲིག་ཆས་ལས་གཞན་བྱེད་ཐབས་རེ་འགའ་ཁ་སྣོན་བྱེད་དགོས་པའི་རེ་བ་བཏོན། དེ་ལས་ཨ་མེ་རི་ཁ་ཕྱོགས་ཀྱིས་ཁྲའོ་ཞན་གྱི་ཇུས་གཞི་དང་ལེན་བྱེད་རྩིས་མེད་པ་མངོན་གསལ་རེད་ཟེར། 

ལིས་ཡུང་ཧའོ་ཡིས་བཤད་རྒྱུར། ཁྲའོ་ཞན་དང་ཨ་མེ་རི་ཁའི་བར་གྱི་ཡིད་ཆེས་ལ་བསམ་བློ་བཏང་ན། དེ་ནི་མིག་སྔར་ཁྲའོ་ཞན་གྱིས་བཏོན་པའི་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་བྱེད་ཐབས་ཆེས་བཟང་བོ་ཡིན་ཟེར། ཁོས་ནན་གྱིས་བསྟན་དོན། ཁྲའོ་ཞན་ཕྱོགས་ཀྱི་རྩ་བའི་རང་བཞིན་གྱི་ལངས་ཕྱོགས་ལ་འགྱུར་ལྡོག་འབྱུང་མི་སྲིད་ལ། གལ་ཏེ་ཨ་མེ་རི་ཁ་ཕྱོགས་ཀྱིས་ཕྱིན་ཆད་ཡང་བསྐྱར་གྲོས་མོལ་བྱེད་པའི་རེ་བ་བཏོན་ནའང་ཁྲའོ་ཞན་གྱི་གྲོས་གཞི་འགྱུར་མི་སྲིད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།