ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རྩ་དོན་བརྩི་སྲུང་བྱས་ཏེ་ཨ་མེ་རི་ཁའི་བར་ཝེ་ནེ་ཙུའེ་ལཱའི་གནད་དོན་ཐད་ནས་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་གཉིས་ཉིན་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རྩ་དོན་བརྩི་སྲུང་བྱས་ཏེ་ཨ་མེ་རི་ཁའི་བར་ཝེ་ནེ་ཙུའེ་ལཱའི་གནད་དོན་ཐད་ནས་གྲོས་མོལ་བྱེད་འདོད་ཡོད་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་གཉིས་ཉིན་དུས་བཅད་ལྟར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ལ་ཁ་པར་བཏང་། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཁ་པར་གཏོང་སྐབས་ཨ་མེ་རི་ཁ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལཱའི་ཁྲིམས་མཐུན་སྲིད་གཞུང་ལ་འཇིགས་ཉེན་བཟོས་པར་རྒོལ་གཏམ་བཏང་བ་དང་། དེ་ནི་བདག་དབང་ཅན་གྱི་རྒྱལ་ཁབ་ཀྱི་ནང་ཁུལ་ལས་དོན་ལ་མངོན་གསལ་གྱིས་ཐེ་གཏོགས་བྱེད་པའི་བྱ་སྤྱོད་ཅིག་ཡིན་ལ། དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྩ་བ་ནས་འགལ་ཡོད་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་ཁ་གཡར་ནས། ངན་སྐུལ་བྱ་སྤྱོད་སྤེལ་བ་དེ་དམངས་གཙོའི་འཕེལ་རིམ་དང་འབྲེལ་བ་སྤུ་ཙམ་ཡང་མེད་ཟེར། ཁོས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལཱའི་གནད་དོན་ཐད་ནས་ཨུ་རུ་སི་དང་གྲོས་མོལ་བྱེད་རྒྱུའི་གྲོས་གཞི་བཏོན་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་འབྲེལ་ཡོད་ཀྱི་གྲ་སྒྲིག་གང་ལེགས་བྱས་ཡོད། ཡིན་ཡང་ཕྱོགས་གཉིས་ཀྱི་གྲོས་མོལ་ལས་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱེད་དགོས་ལ། ཝེ་ནེ་ཙུའེ་ལཱའི་མིས་ད་གཟོད་རྒྱལ་ཁབ་རང་གི་མ་འོངས་པ་ཐག་གཅོད་བྱེད་ཐུབ་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཁོ་གཉིས་ཀྱིས་རྒྱལ་སྤྱིའི་གནད་དོན་གཞན་པར་གྲོས་བསྡུར་བྱེད་སྐབས་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་སི་རི་ཡཱ་དང་ཨ་ཧྥུའུ་ཧན། ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་བཅས་ཀྱི་ཐད་ནས་མུ་མཐུད་དུ་ཆེད་མཁས་པ་རྩ་འཛུགས་བྱས་ནས་འབྲེལ་འདྲིས་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།