ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གཉིས་ཡིན་པའི་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ཐེངས་ཞེ་དྲུག་པ་ཚེས་གཉིས་ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་པུས་རང་ནས་གྲོལ། གྲོས་ཚོགས་ནས་གྲོས་འཆམ་བྱུང་བའི་ཨ་པུས་རང་བསྒྲགས་གཏམ་ལས་ཁོངས་གཏོགས་རྒྱལ་ཁབ་སོ་སོས་གནད་དོན་གལ་ཆེན་ཐད་ཀྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་ཉམས་ཉེན་དང་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་ཀྱི་པུའུ་ཀྲང་ཨ་པུའུ་ཏུའུ་ལཱ་ཡིས་གྲོས་ཚོགས་མ་གྲོལ་གོང་ཨ་པུས་རང་བསྒྲགས་གཏམ་སྒྲོག་འདོན་བྱས། བསྒྲགས་གཏམ་ལས་ཕཱ་ལེ་སི་ཐན་གནད་དོན་གྱི་ཨ་རབ་དང་དབྱི་སི་ལན་རྒྱལ་ཁབ་ཀྱི་གལ་ཆེན་རང་བཞིན་རང་བཞིན་ནན་བཤད་བྱས་པ་དང་། དབྱི་སི་རལ་གྱིས་ཡེ་ལུའུ་སཱ་ལེམ་ཤར་མར་བཙན་འཛུལ་དང་བཙན་བཟུང་བྱས་པར་རྒོལ་གཏམ་བཏང་བར་མ་ཟད། གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་རྒྱལ་མཚམས་གཞིར་བཟུང་ཞིང་ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་དགོས་པའི་འབོད་སྐུལ་བཏང་།
བསྒྲགས་གཏམ་ལས་བསྟན་དོན། ཡེ་མིན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་ནི་ཆབ་སྲིད་བྱེད་ཐབས་ཡིན་ཟེར། བསྒྲགས་གཏམ་ལས་སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བ། བདེ་འཇགས་དང་གཏན་འཇགས་བཅས་ལ་སྲུང་སྐྱོབ་བྱས་ཏེ་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་བྱེད་རྒྱུ་ཁས་ལེན་བྱས། བསྒྲགས་གཏམ་ལས་ད་རུང་ཕཱ་ཁི་སི་ཐན་གྱིས་འཛིན་བཟུང་བྱས་པའི་རྒྱ་གར་མཁའ་དམག་གི་འཕུར་སྐྱོད་མཁན་ཕྱིར་བཏང་བར་དགའ་བསུ་ཞུས་པ་དང་། དེ་ནི་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་རྣམ་འགྱུར་བཟང་བོ་ཞིག་ཡིན་པར་འདོད།
ཐེངས་འདིའི་གྲོས་ཚོགས་དེ་དབྱི་སི་ལན་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བའི་སྐབས་ལ་འཁེལ་ཡོད་པས། ཁོངས་གཏོགས་རྒྱལ་ཁབ་སོ་སོས་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་མཉམ་ལས་ཀྱི་ཆུ་ཚད་དེ་སྐས་རིམ་གསར་བ་ཞིག་ཏུ་ཇེ་མཐོར་གཏོང་དགོས་པའི་འབོད་སྐུལ་བཏང་།