ཀྲུང་གོ་བོད་ཀྱི་དྲ་བ།

ཝུན་ཙེ་ཡུན་གྱིས་ཁྲའོ་ཞན་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་གྲོས་མོལ་བྱེད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཚེས་བཞིའི་ཉིན་བསྟན་དོན། ཁྲའོ་ཞན་དང་ཨ་མེ་རི་ཁས་མུ་མཐུད་དུ་གྲོས་མོལ་བྱེད་པར་རེ་བས་ཁེངས་ཡོད་པ་དང་། ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་སྔ་མོ་ནས་ཡང་བསྐྱར་གྲོས་མོལ་བྱས་ཏེ་གྲོས་མཐུན་འགོད་པར་རེ་སྒུག་བྱས་ཡོད་ཟེར། 

ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ཡིས་བསྒྲགས་པ་ལྟར་ན། ཝུན་ཙེ་ཡུན་གྱིས་ཉིན་དེར་མགོ་འཛིན་བྱས་ཏེ་རྒྱལ་ཁབ་བདེ་སྲུང་གྲོས་ཚོགས་བསྡུས། ཁོས་གྲོས་ཚོགས་སྟེང་བཤད་རྒྱུར། ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པའི་ཧི་ནེའི་གྲོས་མོལ་གྱི་མཇུག་འབྲས་ཡིད་འཕང་བ་ཞིག་ཡིན་ཡང་། ཁྲའོ་ཞན་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཐེངས་འདིའི་གྲོས་མོལ་ཁྲོད་ཉིན་པེན་གྱི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ཡོངས་སུ་བསྐྱུར་བ་དང་ཁྲའོ་ཞན་གྱི་དཔལ་འབྱོར་བཀག་སྡོམ་སྐོར་ཞིག་མེད་པར་གཏོང་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཡོད་ཟེར། 

ཝུན་ཙེ་ཡུན་གྱིས་བཤད་རྒྱུར། ཁྲའོ་ཞན་དང་ཨ་མེ་རི་ཁས་གྲོས་མཐུན་མ་བཀོད་ཀྱང་། མུ་མཐུད་དུ་གྲོས་མོལ་བྱེད་པའི་རེ་འདུན་བསྟན་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ཁྲའོ་ཞན་དང་ཨ་མེ་རི་ཁའི་བར་དུས་ཡུན་རིང་བོར་གྲོས་མོལ་མཚམས་འཇོག་པ་ནི་འོས་ཤིང་འཚམ་པ་ཞིག་མ་ཡིན་ལ། ཧན་གོའི་སྡེ་ཁག་སོ་སོས་ཁྲའོ་ཞན་དང་ཨ་མེ་རི་ཁས་མྱུར་དུ་དངོས་གཉེར་གྲོས་མོལ་སྤེལ་བར་སྐུལ་འདེད་གཏོང་ཐུབ་པར་རེ་ཡོད་པ་དང་། ཞོར་དུ་ཁྲའོ་ཞན་དང་ཧན་གོའི་འབྲེལ་བའི་འཕེལ་རྒྱས་ལ་བརྟེན་ནས་ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་ལ་ཡར་སྐུལ་གཏོང་འདོད་ཡོད་ཟེར། 

ཧན་གོའི་གཅིག་གྱུར་པུའུ་ཀྲང་ཀྲའོ་མེན་ཅོན་གྱིས་གྲོས་ཚོགས་སྟེང་བསྟན་དོན། ཧན་གོ་ཕྱོགས་ཀྱིས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་པར་གྲ་སྒྲིག་བྱས་ཡོད་པ་དང་། ཁའེ་ཁྲིན་བཟོ་ལས་ར་བ་དང་ཅིན་ཀང་རི་བོའི་མཛེས་ལྗོངས་སོགས་ཧན་གོ་དང་ཁྲའོ་ཞན་གྱི་མཉམ་ལས་ལས་གཞི་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།