མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་སི་རི་ཡཱའི་ཡུལ་གྱར་བ་རང་འགུལ་གྱིས་བདེ་འཇགས་ངང་ཕྱིར་རང་ཁྱིམ་དུ་ལོག་པར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གི་མཐོ་རིམ་ཆེད་དོན་པ་ཀི་ལན་ཏིས་ཀྱིས་ཚེས་དགུའི་ཉིན་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་ནས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་མུ་མཐུད་དུ་ལེ་པཱ་ནུན་གྱི་མངའ་ཁོངས་ཀྱི་སི་རི་ཡཱའི་ཡུལ་གྱར་བར་རོགས་རམ་བྱེད་རྒྱུ་ཡིན་པ་དང་། ཁོ་ཚོ་རང་དབང་གྱིས་བདེ་འཇགས་ངང་ཕྱིར་རང་ཁྱིམ་དུ་ལོག་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

ལེ་པཱ་ནུན་དུ་འཚམས་འདྲི་བྱེད་བཞིན་པའི་ཀི་ལན་ཏིས་ཀྱིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་རྟོག་ཞིབ་བྱས་པ་ལྟར་ན། ལེ་པཱ་ནུན་དུ་ཡོད་པའི་སི་རི་ཡཱའི་ཡུལ་གྱར་བ་མང་ཆེ་བ་རང་གི་རྒྱལ་ཁབ་ཏུ་ལོག་འདོད་ཡོད་པ་དང་། ཁོ་ཚོས་རང་ཁྱིམ་དུ་ལོག་པའི་སེམས་ཁུར་གཙོ་བོ་ནི་སི་རི་ཡཱའི་བདེ་འཇགས་གནས་བབ་དང་། སྡོད་གནས། གཞི་རྩའི་འཚོ་བའི་འགན་སྲུང་། དེ་མིན་བཅའ་ཁྲིམས་ཐད་ཀྱི་གནད་དོན་རེ་འགའ་བཅས་རེད་ཟེར། 
ཀི་ལན་ཏིས་ཀྱིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་སི་རི་ཡཱའི་སྲིད་གཞུང་བར་མཉམ་ལས་བྱས་ཏེ་གནད་དོན་དེ་ཐག་གཅོད་བྱེད་བཞིན་ཡོད་ཟེར། ཁོས་བསྟན་དོན། དེའི་སྔོན་སི་རི་ཡཱ་རུ་འཚམས་འདྲི་བྱེད་སྐབས་ཁོས་ཏཱ་མཱ་ཧྲི་ཀི་དང་ཧའོ་མུའུ་སི་སོགས་ཡུལ་གྱར་བ་ཕྱིར་ལོག་དཀའ་བའི་ས་ཁུལ་རེ་འགར་འཚམས་འདྲི་བྱས་པར་མ་ཟད། ཡུལ་གྱར་བ་ཕྱིར་རྒྱལ་ནང་དུ་ལོག་པའི་གནད་དོན་ཐད་ནས་སི་རི་ཡཱའི་དཔོན་རིགས་དང་གྲོས་མོལ་བྱས་མྱོང་ཟེར། 

ཀི་ལན་ཏིས་ཀྱིས་ད་རུང་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་སི་རི་ཡཱའི་ཡུལ་གྱར་བ་ཕྱིར་རྒྱལ་ནང་དུ་ལོག་པའི་གནད་དོན་ཐད་ནས་ཨུ་རུ་སིའི་བར་མཉ་ལས་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།