ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་རྒྱ་གར་གྱིས་བདེ་འཇགས་དང་དམངས་སྤྱོད་ཉིང་རྡུལ་ནུས་པའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་ཉིང་རྡུལ་གློག་འདོན་ས་ཚིགས་དྲུག་ལས་རྩིས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁ་དང་རྒྱ་གར་གྱིས་ཚེས་བཅུ་གསུམ་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱིས་བདེ་འཇགས་དང་དམངས་སྤྱོད་ཉིང་རྡུལ་ནུས་པའི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁའི་ཁེ་ལས་ཀྱིས་རྒྱ་གར་དུ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དྲུག་ལས་རྒྱུ་ཡིན་ཟེར། 

སྐོར་ཐེངས་དགུ་བའི་ཨ་མེ་རི་ཁ་དང་རྒྱ་གར་གྱི་འཐབ་ཇུས་གྲོས་མོལ་ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་ནས་སྤེལ་བ་དང་། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམག་ཆས་ཚོད་འཛིན་དང་རྒྱལ་སྤྱིའི་བདེ་འཇགས་ཀྱི་འགན་ཁུར་བའི་རྒྱལ་སྲིད་བློན་ཆེན་གཞོན་པ་ཐང་ཕུའུ་སིན་དང་རྒྱ་གར་གྱི་ཕྱི་འབྲེལ་དྲུང་ཡིག་ཀུའུ་ཁའེ་ཅེ་གྲོས་མོལ་ལ་ཞུགས། མཉམ་འབྲེལ་གསལ་སྒྲོག་ལས་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་བྱེ་བྲག་གི་ནང་དོན་གསལ་བོར་གླེང་མེད། 

བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ནུས་ཁུངས་པུའུ་ཀྲང་ཕའེ་ལི་ཡིས་ན་ནིང་ཟླ་བཞི་བར་ཨ་མེ་རི་ཁའི་ཞི་བོ་ཀུང་ཟིའི་རྒྱ་གར་གྱི་ལས་གཞིར་རྒྱབ་སྐྱོར་ཆེན་པོ་བྱས་ཏེ། རྒྱ་གར་གྱི་ཨན་ཏི་ལཱ་པང་ནས་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དྲུག་ལས་རྒྱུ་ཡིན་ཟེར། 

རྒྱ་གར་ནི་འཛམ་གླིང་ཡོངས་ཀྱི་རྡོ་སྣུམ་ནང་འདྲེན་གྱི་རྒྱལ་ཁབ་ཆེན་མོ་གསུམ་པ་ཡིན་ལ། ཨ་མེ་རི་ཁ་དང་རྒྱ་གར་གྱིས་ལོ་མང་བོའི་རིང་ལ་ཨ་མེ་རི་ཁས་ནུས་ཁུངས་ཟད་གྲོན་ཆེ་བའི་རྒྱ་གར་ལ་ཉིང་རྡུལ་ནུས་པ་འདོན་སྤྲོད་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱེད་བཞིན་ཡོད། ཉིས་སྟོང་ལྔ་ལོར་ཨ་མེ་རི་ཁའི་སྐབས་དེའི་ཙུང་ཐུང་པུའུ་ཧྲི་དང་རྒྱ་གར་གྱི་ཙུང་ལི་ཞིན་ཀི་གཉིས་ཀྱིས་ཉིང་རྡུལ་ནུས་པའི་མཉམ་ལས་གྲོས་མཐུན་འགོད་འདོད་ཡོད་པ་ཁྱབ་སྒྲོག་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།