ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་རྒྱལ་ཚོགས་ཀྱི་གྲོས་ཆོད་ཁས་ལེན་མ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅོ་ལྔ་ཉིན་རྒྱལ་ཚོགས་ཀྱི་གྲོས་ཆོད་ཅིག་ཁས་ལེན་མ་བྱས། གྲོས་ཆོད་དེ་ལས་དེའི་སྔོན་ཁོས་ཁྱབ་སྒྲོག་བྱས་པའི་ཨ་མེ་རི་ཁའི་ལྷོ་ཕྱོགས་མཐའ་མཚམས་ས་ཁུལ་དུ་རྒྱལ་ཁབ་ཀྱི་བྲེལ་མྱུར་རྣམ་པ་མཚམས་འཇོག་དགོས་པའི་རེ་བ་བཏོན་ཡོད། དེ་ནི་ཐི་ལིང་ཕུའུ་ཡིས་རང་གི་འགན་ཡུན་ནང་ཐོག་དང་པོར་ཁས་ལེན་མི་བྱེད་པའི་དབང་ཆ་ལག་བསྟར་བྱས་པ་རེད། 

ཐི་ལིང་ཕུའུ་ཡིས་ཉིན་དེར་ཕོ་བྲང་དཀར་པོ་ནས་ཁས་ལེན་མི་བྱེད་པའི་བཀའ་རྒྱ་བཀོད་དེ་སྔོན་གྱི་ཆོད་དོན་ལ་དག་འབུད་བྱས། ཁོས་བཤད་རྒྱུར། རྒྱལ་ཚོགས་ལ་གྲོས་ཆོད་འགོད་པའི་རང་དབང་ཡོད་ཀྱང་། ང་རང་ཉིད་ལ་དེ་ཁས་ལེན་མི་བྱེད་པའི་འགན་འཁུར་ཡོད་ཟེར། 

ཨ་མེ་རི་ཁའི་རྒྱལ་ཚོགས་དམས་གྲོས་ཁང་གི་གྲོས་དཔོན་དང་། དམངས་གཙོ་ཏང་མི་ཕའེ་ལོ་ཞི་ཡིས་དེའི་རྗེས་སུ་གསལ་སྒྲོག་སྤེལ་ཏེ། ཐི་ལིང་ཕུའུ་ཡི་ཁས་ལེན་མི་བྱེད་པའི་བཀའ་རྒྱ་རྩ་རྫོགས་བྱ་ཆེད། དམངས་གྲོས་ཁང་གིས་ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན་འདེམ་ཤོག་འཕེན་རྒྱུ་ཡིན་ཟེར། 

ཐི་ལིང་ཕུའུ་ཡིས་ཁས་ལེན་མ་བྱས་པའི་གྲོས་ཆོད་དེར་ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན་རྒྱལ་ཚོགས་ཀྱི་དམངས་གྲོས་ཁང་ནས་གྲོས་འཆམ་བྱུང་བ་དང་། ཟླ་གསུམ་པའི་ཚེས་བཅུ་བཞིའི་ཉིན་གྲོས་ཞུགས་ཁང་ནས་གྲོས་འཆམ་བྱུང་བ་རེད། ཐི་ལིང་ཕུའུ་ཡིས་ཁས་ལེན་མི་བྱེད་པའི་དབང་ཆ་ལག་བསྟར་བྱས་རྗེས། གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གཉིས་ལ་སུམ་ཆའི་གཉིས་ཀྱི་འདེམ་ཤོག་ཐོབ་ན་ད་གཟོད་ཡང་བསྐྱར་གྲོས་ཆོད་དེར་གྲོས་མཐུན་བཀོད་དེ་ཙུང་ཐུང་གི་ཁས་ལེན་མི་བྱེད་པའི་བཀའ་རྒྱ་རྩིས་མེད་དུ་བཏང་ཆོག་པ་རེད། 

དབྱེ་ཞིབ་མི་སྣས་བལྟས་ན། ཐི་ལིང་ཕུའུ་ཡིས་རྒྱལ་ཚོགས་ཀྱི་གྲོས་ཆོད་ཁས་ལེན་མ་བྱས་པ་དེས་སྔར་ལས་ལྷག་པའི་སྒོ་ནས་ཕོ་བྲང་དཀར་པོ་དང་རྒྱལ་ཚོགས་བར་གྱི་འགལ་བ་ཚབས་ཆེན་དུ་གཏོང་སྲིད་པར་འདོད།  །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།