ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སི་དང་ཧྥ་རན་སི་ཡིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་བཀག་རྒྱ་སེལ་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། ཨུ་རུ་སི་དང་ཧྥ་རན་སི་ཡིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་བཀག་རྒྱ་མེད་པར་བཏང་སྟེ། མཉམ་དུ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་བཏང་ནས། དཔལ་འབྱོར་དང་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ནས་མཉམ་ལས་སྤེལ་དགོས་ཟེར། 

ཕུའུ་ཅིན་གྱིས་ཉིན་དེར་ཁི་ལི་མུས་ཡཱའི་ཞིན་ཧྥེ་ལོ་པའོ་ཨར་གྲོང་ཁྱེར་ནས་ཧྥ་རན་སིའི་ཆབ་སྲིད་ལས་རིགས་ཀྱི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཨུ་རུ་སི་དང་ཧྥ་རན་སི་ཡིས་བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ནས་ཐུན་མོང་གི་རྩ་དོན་བརྩི་སྲུང་བྱས་ཏེ་མཉམ་དུ་ཆོད་དོན་འདོན་དགོས་ཟེར། དེ་ལས་གཞན་རྒྱལ་ཁབ་གཉིས་ཀྱིས་ད་རུང་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་དགོས་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་ཡིས་རང་ནུས་གང་ལྕོགས་ཀྱིས་ཧྥ་རན་སིའ་དང་ཡོ་རོབ་གླིང་ཧྲིལ་བོའི་འབྲེལ་བ་སླར་གསོ་བྱེད་རྒྱུ་ཡིན་ཟེར། ཁོས་བལྟས་ན་ཡོ་རོབ་གླིང་གི་རྒྱལ་ཁབ་ཚང་མས་ཨུ་རུ་སིའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ལ། ང་ཚོས་དཔལ་འབྱོར་དང་རྒྱལ་སྤྱིའི་ཆབ་སྲིད་ཁྱབ་ཁོངས་ནས་ཕན་ཚུན་ཁ་གསབ་ཀྱི་ནུས་པ་ཐོན་ཐུབ་པར་འདོད། 

ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གི་གྲོས་མི་སོགས་མི་སྣས་གྲུབ་པའི་ཧྥ་རན་སིའི་ཆབ་སྲིད་ལས་རིགས་ཀྱི་འཐུས་ཚབ་ཚོགས་པ་ཞིག་གིས་ཁི་ལི་མུས་ཡཱ་རུ་བྱ་བའི་འཚམས་འདྲི་བྱེད་བཞིན་ཡོད་པ་རེད། 

ཉེ་བའི་ལོ་འགའི་རིང་ལ། ཨུ་རུ་སི་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་བ་དེ་ཝུའུ་ཁི་ལན་གྱི་གནད་དོན་དབང་གིས་ཛ་དྲག་ཏུ་གྱུར་བ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་རབ་དང་རིམ་པ་སྤྱད་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།