ཀྲུང་གོ་བོད་ཀྱི་དྲ་བ།

ཐའོ་ཁཱ་ཡེ་ཧྥུའུ་ཡིས་དམ་བཅའ་བཞག་སྟེ་ཧཱ་སག་སི་ཐན་གྱི་ཙུང་ཐུང་གི་འགན་ཁུར།

    སྤེལ་དུས། : 2019-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧཱ་སག་སི་ཐན་གྱི་གྲོས་ཁང་གཉིས་ཀྱི་མཉམ་ཞུགས་གྲོས་ཚོགས་དང་ཙུང་ཐུང་གིས་ལས་འགན་ཁུར་བའི་མཛད་སྒོ་དེ་ཚེས་ཉི་ཤུའི་ཉིན་རྒྱལ་ས་ཨ་སི་ཐཱ་ནཱ་ནས་སྤེལ། སྔོན་ཆད་ཀྱི་གྲོས་ཁང་གོང་མའི་གྲོས་དཔོན་ཐའོ་ཁཱ་ཡེ་ཧྥུའུ་ཡིས་རྩ་ཁྲིམས་ལྟར་དམ་བཅའ་བཞག་སྟེ་ཧཱ་སག་སི་ཐན་གྱི་ཙུང་ཐུང་གི་འགན་ཁུར། 

ལས་འགན་ཁུར་བའི་མཛད་སྒོ་དེ་ཉིན་དེའི་ཉིན་གུང་གི་དུས་ཚོད་བཅུ་གཉིས་སྟེང་གྲོས་ཁང་ཞོལ་མ་ནས་སྤེལ། ཙུང་ཐུང་ཐོག་མ་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་དང་གྲོས་ཁང་གོང་ཞོལ་གཉིས་ཀྱི་གྲོས་མི། སྲིད་གཞུང་གི་དཔོན་རིགས་བཅས་ཀྱི་ལྟ་རྟོག་འོག ཐའོ་ཁཱ་ཡེ་ཧྥུའུ་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བར་མ་ཟད། ཧཱ་སག་སི་ཐན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པེ་ལི་ཁི་དབྱེ་མཱ་ཧྲི་ཧྥུའུ་ཡི་ལག་ནས་ཙུང་ཐུང་གི་དཔང་ཡིག་དང་རྒྱལ་ཁབ་དབང་ཤུགས་ཀྱི་མཚོན་བྱེད་དངོས་པོ་དང་ལེན་བྱས། 

ཐའོ་ཁཱ་ཡེ་ཧྥུའུ་ཡིས་དེའི་རྗེས་སུ་གཏམ་བཤད་སྤེལ་ཏེ། ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཡིས་རང་འགུལ་གྱིས་རྒྱལ་ཁབ་གཙོ་འཛིན་གྱི་ལས་འགན་བསྐྱུར་བ་ལས་ཁོའི་ཆབ་སྲིད་ཀྱི་མཐོ་ཚད་མཚོན་ཡོད། ཕུལ་དུ་བྱུང་བའི་བཅོས་བསྒྱུར་པ་ཞིག་ཡིན་པའི་ཆ་ནས། ནཱ་ཀྲ་ཨར་པཱ་ཡེ་ཧྥུུའ་ཡིས་ཧཱ་སག་སི་ཐན་དེ་དེང་རབས་ཅན་གྱི་སྔོན་ཐོན་རྒྱལ་ཁབ་ཏུ་འཛུགས་སྐྲུན་བྱས་ཡོད་ཟེར། 

ཐའོ་ཁཱ་ཡེ་ཧྥུའུ་ཡིས་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ལ་མི་དམངས་དཔའ་བོ་ཞེས་པའི་མཚན་སྙན་གནང་བར་མ་ཟད་གསེར་གྱི་རྟགས་མ་བྱིན། ཐའོ་ཁཱ་ཡེ་ཧྥུའུ་ཡིས་བསྟན་དོན། ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཡིས་སྲིད་འཛིན་བྱེད་སྐབས་ཀྱི་འཐབ་ཇུས་དང་སྲིད་ཇུས་རྒྱུན་སྐྱོང་བར་འགན་སྲུང་བྱེད་རྒྱུུ་ཡིན་ཟེར། 

ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཡིས་ཚེས་བཅུ་དགུ་ཉིན་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ་ཙུང་ཐུང་གི་ལས་འགན་བསྐྱུར་རྒྱུ་ཁྱབ་སྒྲོག་བྱས་ཀྱང་། སྲིད་འཛིན་ཏང་མེས་རྒྱལ་གྱི་གཟི་འོད་ཅེས་པའི་མི་དམངས་དམངས་གཙོའི་ཏང་གི་ཀྲུའུ་ཞིའི་ལས་འགན་དང་རྒྱལ་ཁབ་བདེ་འགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ལས་འགན་སོར་འཇོག་བྱེད་རྒྱུའི་ཚུལ་བསྟན། ཧཱ་སག་སི་ཐན་གྱི་རྩ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། ཙུང་ཐུང་གི་ལས་འགན་བསྐྱུར་རྗེས་གྲོང་ཁང་གོང་མའི་གྲོས་དཔོན་གྱིས་ཙུང་ཐུང་འདེམ་བསྐོ་བྱེད་རག་བར་དུ་ཙུང་ཐུང་གི་ལས་འགན་ལག་བསྟར་བྱེད་དགོས་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།