ཀྲུང་གོ་བོད་ཀྱི་དྲ་བ།

མའོ་སིང་པུས་ཁི་ཡིས་རྒྱལ་ཡོངས་ནས་དོགས་ཟོན་མཐོར་འདེགས་བྱ་དགོས་པ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་སིང་པུས་ཁིའི་སྲིད་གཞུང་གིས་ཚེས་ཉི་ཤུའི་ཉིན་བསྒྲགས་པ་ལྟར་ན། ཚ་ཁུལ་གྱི་དབྱེ་ཏའེ་ཞེས་པའི་དྲག་རླུང་དབང་གིས་ས་ཁུལ་མང་བོར་གནོད་འཚེ་ཚབས་ཆེན་ཐེབས་ཡོད་པ་དང་། མའོ་སིང་པུས་ཁི་ཡིས་ཚེས་བཅུ་དགུ་ཉིན་གྱི་དགོང་མོ་ནས་བཟུང་རྒྱལ་ཡོངས་སུ་དོགས་ཟོན་མཐོར་འདེགས་བྱས་ཡོད་ཟེར། 

བསྒྲགས་པ་ལྟར་ན། མའོ་སིང་པུས་ཁིའི་སྲིད་གཞུང་གིས་ཚེས་བཅུ་དགུ་ཉིན་གྱི་དགོང་མོར་གནོད་འཚེ་ཐེབས་པ་ཚབས་ཆེ་བའི་དབུས་ཕྱོགས་མཚོ་འགྲམ་ཞིང་ཆེན་སོ་ཧྥ་ལཱ་ཡི་ལྟེ་གནས་གྲོང་ཁྱེར་པེ་ལཱ་ནས་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་ཀྱི་དོགས་ཟོན་མཐོར་འདེགས་བྱེད་པ་ཁྱབ་སྒྲོག་བྱེད་རྒྱུ་ཐག་བཅད། དེ་ལས་གཞན་གྲོས་ཚོགས་ནས་ཚེས་ཉི་ཤུ་ནས་བཟུང་དུས་ཡུན་ཉིན་གསུམ་རིང་རྒྱལ་ཡོངས་ནས་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོར་མྱ་ངན་ཞུ་རྒྱུ་ཐག་བཅད་ཡོད་ཟེར། 

མའོ་སིང་པུས་ཁིའི་ཙུང་ཐུང་ཉིག་ཞི་ཡིས་ཚོགས་ཐོག་ནས་བསྟན་དོན། དཔོན་ཕྱོགས་ཀྱིས་རྒྱུས་ལོན་བྱུང་བའི་གཞི་གྲངས་ལྟར་ན། མིག་སྔར་དབྱེ་ཏའེ་ཞེས་པའི་དྲག་རླུང་ལས་མི་ཉིས་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་འབུམ་གསུམ་དང་ཁྲི་ལྔ་ལ་གནོད་འཚེ་ཐེབས་ཡོད། དྲག་རླུང་དེའི་གཏོར་བརླག་ཧ་ཅང་ཆེ་བ་དང་། གནོད་འཚེ་ཐེབས་པའི་གནས་ཚུལ་ཚབས་ཆེན་ཡིན། གནས་སྐབས་ཀྱི་བཀོད་སྒྲིག་ལྟེ་གནས་ཀྱིས་གནོད་ཐེབས་མང་ཚོགས་ལ་ཟས་རིགས་དང་འཐུང་ཆུ་འདང་ཚིམས་པ་འདོན་སྤྲོད་བྱེད་པར་ཁག་ཐེག་བྱེད་དགོས་ཟེར། 

མའོ་སིང་པུས་ཁིའི་དཔོན་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། ཉུང་མཐར་ཡང་ཁང་བ་ཁྲི་གཉིས་དང་སྟོང་གསུམ་དང་སློབ་ཁང་ལྔ་བརྒྱ་ལྷག་ལ་གཏོར་བཤིག་ཐེབས་ཡོད་ལ། མིག་སྔར་གནོད་ཐེབས་ས་ཁུལ་དུ་སྔར་བཞིན་ཆུ་ལོག་དབང་གིས་ཁང་བའི་ཁང་ཀླད་དང་སྡོང་བོའི་སྟེང་དུ་ལུས་པའི་མང་ཚོགས་མང་བོ་ཡོད་པར་མ་ཟད། དབྱེ་ཏའེ་ཞེས་པའི་དྲག་རླུང་སྐམ་སར་འབུད་སའི་སོ་ཧྥ་ལཱ་ཞིང་ཆེན་དུ་ས་ཁུལ་རྒྱ་ཆེན་པོ་སྔར་བཞིན་ཆུ་ལོག་གིས་བསྣུབས་ཡོད་པ་རེད། 

མིག་སྔར་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་མའོ་སིང་པུས་ཁིའི་སྲིད་གཞུང་ལ་རོགས་རམ་བྱས་ཏེ་རྒུད་སྐྱོབ་དང་གནོད་སེལ་བྱ་བ་སྤེལ་བཞིན་ཡོད། ས་དེའི་ཀྲུང་གོ་བའི་ཚོགས་ཁག་དང་ཀྲུང་གོའི་དངུལ་གཏོང་ལས་ཁུངས་སོགས་ཀྱིས་ཀྱང་རང་འགུལ་སྒོས་རྩ་འཛུགས་བྱས་ཏེ། གནོད་ཐེབས་ས་ཁུལ་དུ་ཟས་རིགས་དང་འཐུང་ཆུ། གྱོན་ཆས་སོགས་དངོས་རྫས་ཞལ་འདེབས་སུ་འབུལ་བཞིན་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།