ཀྲུང་གོ་བོད་ཀྱི་དྲ་བ།

འབར་མའི་བྱང་ཤར་ཕྱོགས་ཀྱི་མཛོད་ཁང་ཞིག་ལ་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར།

    སྤེལ་དུས། : 2019-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འབར་མའི་ཧྲན་པང་དམིགས་བསལ་ས་ཁུལ་གཉིས་པའི་དཔོན་རིགས་ཀྱིས་ཚེས་ཉེར་བཞིའི་ཉིན་བདེན་དཔང་བྱས་དོན། ས་དེའི་མཛོད་ཁང་ཞིག་ལ་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་འགས་གཏོར་བྱུང་སྟེ། མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཞི་བཅུར་རྨས་ཕོག་ཟེར། 

ཧྲན་པང་དམིགས་བསལ་ས་ཁུལ་གཉིས་པའི་སྲིད་གཞུང་གི་ཕྱི་ཕྱོགས་དོན་གཅོད་ཁང་གི་ཀྲུའུ་ཀྲའོ་ནེ་རང་གིས་བཤད་རྒྱུར། ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔའི་ཡས་མས་སུ། མིན་མའོ་ས་ཁུལ་གྱི་རང་བྱུང་སོལ་རླངས་ཀྱི་སྣོད་དང་བཟོ་ལས་འགད་རྫས། བཟོ་སྐྲུན་རྒྱུ་ཆ་བཅས་གསོག་ཉར་བྱས་ཡོད་པའི་མཛོད་ཁང་ཞིག་ལ་གློ་བུར་དུ་འགས་གཏོར་བྱུང་སྟེ། མི་སྣར་ཤི་རྨས་ཚབས་ཆེན་བཟོས། ས་དེའི་སྲིད་གཞུང་གིས་རྨས་མ་མྱུར་སྐྱོབ་བྱེད་པ་སོགས་ཀྱི་བྱ་བར་རྩ་འཛུགས་གང་ལེགས་བྱེད་བཞིན་ཡོད་པ་དང་། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 

གཞན་ཡང་ས་དེའི་སྲིད་གཞུང་གིས་ཚེས་ཉེར་བཞིའི་ཉིན་སྤེལ་བའི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཐེངས་འདིའི་འགའ་གཏོར་གྱི་ཤུགས་ཚད་ཧ་ཅང་ཆེ་བས། ཁང་བ་མང་བོར་གཏོར་བརླག་ཐེབས་ཡོད། རྨས་མའི་ཁྲོད་མི་ཉེར་དྲུག་གི་རྨས་སྐྱོན་ཚབས་ཆེན་ཡིན་པ་དང་། གཞན་ཡང་མི་འགའ་གར་སོང་རྙེད་མེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ས་དེའི་ནམ་ཟླ་ཧ་ཅང་ཚ་གདུག་ཆེ་བའི་སྐབས་ཡིན་སྟབས། སྲིད་གཞུང་གིས་སྨན་བཅོས་སྡེ་ཁག་ལ་འཕྲོད་བསྟེན་འཕྲལ་སྒྲུབ་འཆར་གཞི་གཞིར་བཟུང་ཞིང་སྨན་བཅོས་མི་སྣ་རྩ་འཛུགས་བྱས་ཏེ་འཕྲོད་བསྟེན་རིམ་འགོག་དང་དུག་སེལ་བྱ་བ་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།