ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་མཉམ་འབྲེལ་རྒྱལ་ཚོགས་བར་གྲོས་མཐུན་བཀོད་དེ་ཡེ་མིན་གྱི་བྱིས་པར་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་ཏི་ཨ་རབ་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་ཉེར་ལྔ་ཉིན་ལེ་ཡཱ་ཏི་ནས་བཟོད་སྒོམ་བརྗེད་ཐོ་བཀོད་དེ། ཡེ་མིན་དྲག་ཆས་འཁྲུག་རྩོད་ཀྱི་ཤན་ཤུགས་ཐེབས་པའི་བྱིས་པར་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་བྱས། 

ཉིན་དེར་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་བཀོད་འདོམ་དཔོན་པོ་ཨ་ཆི་ཙི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་བྱིས་པ་དང་དྲག་ཆས་འཁྲུག་རྩོད་གནད་དོན་གྱི་དམིགས་བསལ་འཐུས་མི་ཀན་པཱ་གཉིས་ཀྱིས་བྱིས་པར་སྲུང་སྐྱོབ་བྱེད་པའི་བཟོད་སྒོམ་བརྗེད་ཐོ་ཞིག་བཀོད་པ་དང་། དེའི་དམིགས་ཡུལ་ནི་བྱེད་ཐབས་སྔར་ལས་ལྷག་པས་ཡེ་མིན་གྱི་བྱིས་པར་དྲག་ཆས་འཁྲུག་རྩོད་ཀྱི་གནོད་པ་མི་ཐེབས་པར་སྲུང་སྐྱོབ་བྱེད་པའི་ཆེད་རེད། 

ཀན་པཱ་ཡིས་བཤད་རྒྱུར། མ་འོངས་པའི་ཟླ་ངོ་གཉིས་ཀྱི་རིང་ལ། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱིས་པའི་སྲུང་སྐྱོབ་ལ་ཤུགས་སྣོན་པའི་དམིགས་འབེན་གཞིར་བཟུང་སྟེ། མཉམ་འབྲེལ་སྦྱོང་བརྡར་དང་བྱིས་པའི་སྲུང་སྐྱོབ་ཀྱི་འབྲེལ་ཡོད་ཤེས་བྱ་དྲིལ་སྒྲོག་བྱེད་པ་སོགས་ཀྱི་བྱ་བ་སྤེལ་རྒྱུ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟླ་བཞི་བར་ཨ་མེ་རི་ཁའི་ཉིག་ཡོ་ནས་བྱིས་པར་ཡེ་མིན་གྱི་དྲག་ཆས་འཁྲུག་རྩོད་ཁྲོད་ཉེན་ཁ་འབྱུང་བཞིན་པ་དང་འབྲེལ་བའི་རྒྱལ་སྤྱིའི་འགུལ་སྐྱོད་ཅིག་སྤེལ་རྒྱུ་རེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།