དབྱི་རག་གི་ཙུང་ལི་ཡིས་དབྱི་ལིང་དུ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལས་དོན་ལ་གྲོས་བསྡུར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་དྲུག་ཉིན་འཚམས་འདྲིར་ཡོང་བའི་དབྱི་རག་གི་ཙུང་ལི་ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། དབྱི་ལིང་དང་དབྱི་རག་བར་གྱི་མཉམ་ལས་རབ་དང་རིམ་པ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་དམ་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་སྲིད་ཟེར།

ལུའུ་ཧཱ་ནེ་ཡིས་ཉིན་དེར་ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱིས་ཟླ་སྔོན་མར་བཀོད་པའི་མཉམ་ལས་གྲོས་མཐུན་དངོས་འབེབ་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་དུག་རྫས་ལྐོག་འཚོང་ལ་ཆམ་ཕབ་གཏོང་བ་དང་འཇིགས་སྐུལ་ངོ་རྒོལ་བྱེད་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་འཐད་པ་བྱུང་ཡོད།

ལུའུ་ཧཱ་ནེ་ཡིས་བསྟན་དོན། དབྱི་ལིང་གིས་མུ་མཐུད་དུ་དབྱི་རག་ལ་རང་བྱུང་སོལ་རླངས་དང་གློག་ཤུགས་ཕྱིར་གཏོང་བྱེད་རྒྱུ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་དངུལ་ཁང་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་མ་ཟད། རྒྱལ་ཁབ་གཉིས་གཅིག་ཏུ་སྦྲེལ་བའི་ལྕགས་ལམ་ཞིག་མ་འོངས་པའི་ཟླ་ངོ་འགའི་ནང་འཛུགས་སྐྲུན་བྱེད་མགོ་རྩོམ་པའི་རེ་བ་ཡོད་ཟེར།

ལུའུ་ཧཱ་ནེ་ཡིས་ད་ལོའི་ཟླ་གསུམ་པར་དབྱི་རག་ཏུ་འཚམས་འདྲི་བྱས་པ་དང་། དེའི་སྐབས་སུ་ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་བའི་ཐད་ནས་བཟོད་སྒོམ་བརྗེད་ཐོ་མང་བོ་བཀོད་ཡོད།

དབྱེ་ཞིབ་མི་སྣས་བལྟས་ན། དབྱི་རག་དང་དབྱི་ལིང་གི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་སོང་ཡོད་པ་དང་། ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་སླར་གསོ་བྱས་ནས་ཟླ་ངོ་འགའི་རྗེས་སུ། དབྱི་རག་དང་དབྱི་ལིང་གིས་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་པ་དེ་དབྱི་ལིང་གི་དཔལ་འབྱོར་གནོན་ཤུགས་ཞི་འཇགས་སུ་གཏོང་བར་ཕན་ཐོགས་ཡོད་པར་འདོད།།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།