ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་ཀྱི་མཐོ་རིམ་སློབ་གསོ་དང་ཚན་རིག་ཞིབ་འཇུག་གླེང་སྟེགས་ཨེ་ཅིབ་ནས་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     སྤེལ་དུས། : 2019-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གསུམ་ཡིན་པའི་འཛམ་གླིང་ཡོངས་ཀྱི་མཐོ་རིམ་སློབ་གསོ་དང་ཚན་རིག་ཞིབ་འཇུག་གླེང་སྟེགས་ཚེས་དྲུག་ཉིན་ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་བ་ནས་གྲོལ། འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོའི་སློབ་གསོ་དང་ཚན་རིག་ཞིབ་འཇུག གསར་སྐྲུན་བཅས་ཀྱི་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་མཁས་པ་སྟོང་གཉིས་ཙམ་གྲོས་ཚོགས་ལ་ཞུགས་ཏེ། མཉམ་དུ་མཐོ་རིམ་སློབ་གསོ་དང་ཚན་རིག་ཞིབ་འཇུག་གི་ད་ལྟའི་གནས་ཚུལ་དང་མདུན་ལྗོངས་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས།

གསར་དར་ཚན་རྩལ་དང་མཐོ་རིམ་སློབ་གསོ་བརྗོད་སྙིང་ཡིན་པའི་ཞིབ་བསྡུར་ཁྲོད་དུ། ཨ་མེ་རི་ཁ་དང་རྒྱ་གར། འཇར་པན་སོགས་རྒྱལ་ཁབ་ཀྱི་མཁས་པས་བསྟན་དོན། མིས་བཟོས་རིག་ནུས་དང་། གཞི་གྲངས་ཆེན་མོ་སོགས་གསར་དར་ལག་རྩལ་དང་མཐོ་རིམ་སློབ་གསོ་དམ་དུ་སྦྲེལ་ཏེ། རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གསོའི་མ་ལག་གི་རིམ་འཕར་བཅོས་བསྒྱུར་ལ་ཡར་སྐུལ་གཏོང་དགོས་ཟེར།

ཨ་མེ་རི་ཁའི་ཨོ་ཀུའུ་སི་ཐཱ་སློབ་ཆེན་གྱི་སྐྱེ་དངོས་གསོ་རིག་གསར་གཏོད་ཞིབ་འཇུག་ཚོད་ལྟ་ཁང་གི་དགེ་རྒན་ཆེན་མོ་པཱ་ལཱ་སི་ཡིས་བཤད་རྒྱུར། གསར་དར་ལག་རྩལ་གྱིས་མཐོ་རིམ་སློབ་གྲྭའི་སློབ་མས་སྔར་ལས་སྤོབས་པ་ཆེན་པོས་ཚོད་ལྟ་དང་གསར་གཏོད་བྱེད་པར་རོགས་རམ་དང་སྐུལ་མ་གཏོང་ངེས་རེད། ཚན་རྩལ་དང་མཐོ་རིམ་སློབ་གསོའི་རྒྱབ་སྐྱོར་དེ་སྒྲིག་ཆས་ཙམ་མ་ཡིན་པར་སློབ་གསོའི་བསམ་བློ་གསར་བ་དང་གསར་གཏོད་ཀྱི་འདུན་པར་སྐུལ་སྤེལ་བྱེད་པའི་ནང་དོན་ལའང་དོ་སྣང་བྱ་དགོས་ཟེར།

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས་བཞིའི་ཉིན་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཨེ་ཅིབ་ཀྱིས་མུ་མཐུད་དུ་རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གསོ་དང་ཚན་རིག་ཞིབ་འཇུག་མ་ལག་གི་རིམ་འཕར་འཆར་གཞི་དངོས་འབེབ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཨེ་ཅིབ་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱས་ཤིང་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ནས། རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར།

ཁོས་ད་རུང་སློབ་ཆེན་གྱི་དོ་དམ་ལམ་ལུགས་གསར་གཏོད་བྱས་ཏེ་ཕུལ་བྱུང་སློབ་མར་སྔར་ལས་རྒྱབ་སྐྱོར་ཆེན་པོ་བྱས་ནས། རྒྱལ་ཁབ་ཀྱི་གོང་འཕེལ་ཐད་ཞབས་འདེགས་ཞུ་ཐུབ་པའི་ཕུལ་བྱུང་ཚན་རྩལ་མི་སྣ་རབས་མང་བོ་གསོ་སྐྱོང་བྱེད་དགོས་པའི་འབོད་སྐུལ་བཏང་།


རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།