ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐད་ཀྱི་འགལ་བ་ཐག་གཅོད་བྱེད་མ་ཐུབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     སྤེལ་དུས། : 2019-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གཉིས་ཡིན་པའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ཚེས་དྲུག་ཉིན་ཧྥ་རན་སིའི་ནུབ་བྱང་ཕྱོགས་ཀྱི་ཏིས་ནཱ་ཨར་གྲོང་ཁྱེར་ནས་གྲོལ། རྒྱལ་ཁབ་བདུན་གྱིས་བསྟན་དོན། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་དང་དྲ་རྒྱའི་བདེ་འཇགས། ཨ་ཧྥེ་རི་ཁ་གླིང་གི་ཞི་བདེ་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། ཡིན་ཡང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་དང་དབྱི་ལིང་གི་འབྲེལ་བའི་གནད་དོན་ཐད་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་བར་སྔར་བཞིན་འགལ་བ་ཡོད་པ་རེད།

ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ལེ་ཏི་ལི་ཨང་གིས་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཧྥ་རན་སི་དང་འཇར་མན། འཇར་པན། ཁཱ་ནཱ་ཏཱ་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཕྱོགས་མང་རིང་ལུགས་ཀྱི་གལ་ཆེན་རང་བཞིན་ཐད་ནས་ཐུན་མོང་གི་ལྟ་ཚུལ་བཀོད་ཡོད་པ་དང་། རྒྱལ་ཁབ་བཞི་ཡིས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་དང་དར་སྤེལ་བྱས་ཏེ། ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་ཡོངས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ཨ་མེ་རི་ཁ་དང་དབྱིན་ཇི། དབྱི་ཐཱ་ལེ་བཅས་ཀྱི་གནད་དོན་དེའི་ཐད་ཀྱི་ལངས་ཕྱོགས་གླེང་མེད།

གྲོས་ཚོགས་གྲོལ་རྗེས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་བདུན་གྱིས་འགལ་བ་མངོན་གསལ་ལྡན་པའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ལ་གྲོས་བསྡུར་བྱས་ཡོད་ཟེར། དེ་ལས་གཞན་ལེ་ཏི་ལི་ཨང་གིས་བསྟན་དོན། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ནང་ཁུལ་དུ་དབྱི་ལིང་བར་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་བྱེད་ཐབས་ཐད་འགལ་བ་ཡོད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་སྤྱིའི་བདེ་འཇགས་ཁོར་ཡུག་སྔར་བཞིན་འགྲན་རྩོད་ཆེན་མོར་འཕྲད་ཡོད་པ་དང་། ཁྱད་པར་དུ་ཉིང་རྡུལ་ནུས་པ་དང་དམག་མི་ཉུང་འཕྲིའི་ཁྱབ་ཁོངས་སུ་འགྲན་རྩོད་ཆེན་པོ་ཡོད། རྒྱལ་ཁབ་བདུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞི་བདེ་ལ་སྲུང་སྐྱོབ་བྱེད་པའི་ཐད་འདོན་སྤེལ་བྱས་པའི་ནུས་པ་གཙོ་བོ་ནན་བཤད་བྱས་པ་དང་། རྒྱལ་ཁབ་བདུན་གྱིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།
ཐེངས་འདིའི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་ནི་གཙོ་བོ་ད་ལོའི་ཟླ་བརྒྱད་པར་ཧྥ་རན་སིའི་ལྷོ་ཕྱོགས་མཚོ་འགྲམ་གྲོང་ཁྱེར་པུས་ཡཱ་ལི་ཚི་ནས་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་གྲ་སྒྲིག་བྱེད་པའི་ཆེད་དུ་རེད།


རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།