ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་རེ་སིའི་རྒྱལ་ཡུམ་ལྷ་ཁང་དུ་མེ་སྐྱོན་བྱུང་ནས་གཏོར་བརླག་ཚབས་ཆེན་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2019041609322877jQ.jpg

ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན། ཧྥ་རན་སིའི་ཕཱ་རེ་སིའི་རྒྱལ་ཡུམ་ལྷ་ཁང་ལ་མེ་སྐྱོན་བྱུང་། 

20190416093406E2Wf.jpg

ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན། ཧྥ་རན་སིའི་རྒྱལ་ས་ཕཱ་རེ་སི་ནས། རྒུད་སྐྱོབ་མི་སྣ་དག་མེ་སྐྱོན་བྱུང་བའི་ཕཱ་རེ་སིའི་རྒྱལ་ཡུམ་ལྷ་ཁང་གི་ཉེ་འདབས་སུ་འདུས་ཡོད། 

20190416093434U0v.jpg

ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན། ཧྥ་རན་སིའི་རྒྱལ་ས་ཕཱ་རེ་སི་ནས། མེ་སྐྱོན་བྱུང་བའི་ཕཱ་རེ་སིའི་རྒྱལ་ཡུམ་ལྷ་ཁང་དུ་དུད་ནག་འཕྱུར་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་རྒྱལ་ས་རུ་ཡོད་པའི་ཕཱ་རེ་སིའི་རྒྱལ་ཡུམ་ལྷ་ཁང་ལ་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་མེ་སྐྱོན་བྱུང་སྟེ། ཕཱ་རེ་སིའི་རྒྱལ་ཡུམ་ལྷ་ཁང་གི་མཆོད་རྟེན་གྱི་རྩེ་རྡིབས་ནས་བཟོ་བཀོད་ལ་གཏོར་བརླག་ཚབས་ཆེན་ཐེབས། མིག་སྔར་མི་སྣར་ཤི་རྨས་བྱུང་བའི་སྙན་ཞུ་བསྒྲགས་མེད་ཟེར། 

ཕཱ་རེ་སིའི་རྒྱལ་ཡུམ་ལྷ་ཁང་གི་མགྲིན་ཚབ་པས་བཤད་རྒྱུར། མེ་སྐྱོན་ཆེན་མོ་དེ་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་དང་སྐར་མ་ལྔ་བཅུའི་ཡས་མས་སུ་བྱུང་། མེ་སྐྱོན་དེ་ཐོག་མར་ཕཱ་རེ་སིའི་རྒྱལ་ཡུམ་ལྷ་ཁང་གི་སྟེང་རིམ་ནས་འབར་བ་དང་ཅང་མ་འགོར་བར་རྒྱ་ཡན་དུ་མཆེད་པ་རེད། རྒུད་སྐྱོབ་ལ་ཞུགས་པའི་མེ་གསོད་མི་སྣས་བཤད་པ་ལྟར་ན། མེ་སྐྱོན་དེ་ཕཱ་རེ་སིའི་རྒྱལ་ཡུམ་ལྷ་ཁང་གི་ཞིག་གསོའི་བཟོ་སྐྲུན་ལ་འབྲེལ་བ་ཡོད་སྲིད་ཟེར། 

མེ་སྐྱོན་བྱུང་རྗེས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་ཙུང་ལི་ཧྥེ་ལེ་ཕུའུ་གཉིས་ཡུལ་དངོས་སུ་སོང་། མཱ་ཁི་ལུང་གིས་བསྟན་དོན། ཕཱ་རེ་སིའི་རྒྱལ་ཡུམ་ལྷ་ཁང་ལ་མེ་སྐྱོན་བྱུང་བར་རྒྱལ་ཁབ་ཧྲིལ་བོའི་སེམས་ཁམས་སྡུག་གིས་མནར་ཡོད་ཟེར། 

དབྱིན་ཇི་དང་འཇར་མན། ཨ་མེ་རི་ཁ་སོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཉིན་དེར་ཕཱ་རེ་སིའི་རྒྱལ་ཡུམ་ལྷ་ཁང་ལ་མེ་སྐྱོན་བྱུང་བར་སེམས་ཁུར་བྱེད་པའི་ཚུལ་བསྟན། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཕཱ་རེ་སིའི་རྒྱལ་ཡུམ་ལྷ་ཁང་ལ་མེ་སྐྱོན་བྱུང་བར་སྐྱོ་ངལ་ཆེན་པོ་སྐྱེས་བཞིན་ཡོད། རྒྱལ་ཡུམ་ལྷ་ཁང་དེ་ནི་ཧྥ་རན་སི་དང་ཡོ་རོབ་གླིང་གི་རིག་གནས་ཀྱི་མཚོན་རྟགས་ཡིན་ཟེར། 

ཕཱ་རེ་སིའི་རྒྱལ་ཡུམ་ལྷ་ཁང་དེ་ནི་ཀི་ཐི་རྣམ་པའི་བཟོ་བཀོད་ཅིག་ཡིན་པ་དང་། ཕཱ་རེ་སི་གྲོང་ཁྱེར་ལྟེ་གནས་ཀྱི་སེ་ནཱ་གཙང་འགྲམ་དུ་ཡོད། དེ་ནི་སྤྱི་ལོ་གཅིག་གཅིག་དྲུག་གསུམ་ལོར་ལས་མགོ་བརྩམས་པ་དང་། སྤྱི་ལོ་གཅིག་གསུམ་བཞི་ལྔའི་ལོར་ཡོངས་འགྲུབ་བྱས་པ་ཡིན་ལ། ཕཱ་རེ་སིའི་འཐུས་ཚབ་རང་བཞིན་ཆེས་ཆེར་ལྡན་པའི་གནའ་བོའི་བཟོ་བཀོད་ཅིག་ཡིན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།