ཀྲུང་གོ་བོད་ཀྱི་དྲ་བ།

ཀྲི་ལིའི་ལྷོ་ཕྱོགས་ས་ཁུལ་ནས་གནམ་གྲུ་ཆུང་བ་ཞིག་སར་ལྷུང་ནས་མི་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲི་ལིའི་ལོ་སི་ལཱ་ཀི་སི་ས་ཁུལ་ཆེན་མོའི་སྲིད་གཞུང་གིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། གནམ་གྲུ་ཆུང་བ་ཞིག་ཉིན་དེར་ཀྲི་ལིའི་ལྷོ་ཕྱོགས་ཀྱི་མིན་ཐི་གྲུ་ཁ་ནས་སར་ལྷུང་བ་དང་། ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར་ཡོད་ལ། གཞན་ཡང་སྡོད་དམངས་ཀྱི་ཐོག་ཁང་གཉིས་ལ་མེ་སྐྱོན་བྱུང་ཡོད་ཟེར། 

ལོ་སི་ལཱ་ཀི་སི་ས་ཁུལ་ཆེན་མོའི་སྲིད་གཞུང་གི་དཔོན་རིགས་ཀྱིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ད་ལྟ་མི་དྲུག་རྐྱེན་ལམ་དུ་ཤོར་བ་ཁས་ལེན་བྱས་ཡོད་པ་དང་། དེ་དག་ནི་གནམ་གྲུ་ཁ་ལོ་བ་གཅིག་དང་འགྲུལ་བ་ལྔ་རེད་ཟེར། 

བསྒྲགས་པ་ལྟར་ན། སར་ལྷུང་བའི་གནམ་གྲུ་དེ་ནི་ཆེད་དུ་རྒྱུན་སྲོལ་མ་ཡིན་པའི་ཚོང་ལས་ལམ་ཐིག་སྟེང་སྐྱེལ་འདྲེན་བྱེད་པའི་སྒེར་གཉེར་གྱི་མཁའ་འགྲུལ་ཀུང་ཟི་ཞིག་ལ་གཏོགས་པ་དང་། གནམ་གྲུ་སར་ལྷུང་སྐབས་འབར་སྣུམ་འགས་གཏོར་བྱུང་སྟེ། ས་ངོས་ཀྱི་སྡོད་དམངས་ཐོག་ཁང་གཉིས་མེར་འབར་བ་དང་། མེར་འབར་བའི་སྡོད་དམངས་ཐོག་ཁང་དེའི་ནང་དུ་མི་མེད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།