ཀྲུང་གོ་བོད་ཀྱི་དྲ་བ།

པཱ་ཞི་ཡིས་མེ་གླིང་ལྷོ་མའི་རྒྱལ་ཁབ་མནའ་འབྲེལ་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པཱ་ཞིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་ལྔ་ཉིན་ཁྱབ་སྒྲོག་བྱས་དོན། པཱ་ཞི་དངོས་སུ་མེ་གླིང་ལྷོ་མའི་རྒྱལ་ཁབ་མནའ་འབྲེལ་ལས་ཕྱིར་འབུད་རྒྱུ་ཡིན་ཟེར། 

པཱ་ཞིའི་ཕྱི་འབྲེལ་པུའུ་ཡིས་སྤྱི་སྒྲོག་ཅིག་གི་ནང་བསྟན་དོན། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཞི་བར། པཱ་ཞི་དང་ཨ་ཀིན་ཐེན། ཀྲི་ལི། ཁོ་ལོམ་པུ་ཡཱ། པཱ་ལཱ་ཀུའེ། ཕེ་རུ་བཅས་རྒྱལ་ཁབ་དྲུག་གི་སྲིད་གཞུང་གིས་མེ་གླིང་ལྷོ་མའི་རྒྱལ་ཁབ་མནའ་འབྲེལ་གྱི་བྱ་འགུལ་ནང་ཞུགས་མཚམས་འཇོག་རྒྱུ་ཐག་བཅད་པ་དང་། དེའི་རྒྱུ་མཚན་ནི་རྐྱེན་སྲོལ་དེའི་ནང་ཁུལ་དུ་དུས་ཡུན་རིང་བོར་ཉམས་ཉེན་གནས་ཡོད་ལ། གནས་ཚུལ་དེ་ད་ལྟའི་བར་བཅོས་བསྒྱུར་བྱེད་མེད་པས་རེད། 

སྤྱི་སྒྲོག་ལས་བཤད་རྒྱུར། ད་ལོའི་ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན། པཱ་ཞི་དང་ཨ་ཀིན་ཐེན། ཀྲི་ལི། ཁོ་ལོམ་པུ་ཡཱ། ཨིག་ཀྭ་ཏོར། ཀུའེ་ཡཱ་ནཱ། པཱ་ལཱ་ཀུའེ། ཕེ་རུ་བཅས་རྒྱལ་ཁབ་བརྒྱད་ཀྱིས་གསལ་སྒྲོག་སྤེལ་ཏེ། མེ་གླིང་ལྷོ་མའི་གོང་འཕེལ་གླེང་སྟེགས་བཙུགས་ཏེ་མེ་གླིང་ལྷོ་མའི་རྒྱལ་ཁབ་མནའ་འབྲེལ་གྱི་ཚབ་བྱེད་རྒྱུ་ཁྱབ་སྒྲོག་བྱས། གླེང་སྟེགས་གསར་བའི་གྲུབ་ཚུལ་བཟང་བ་དང་འཁོར་རྒྱུག་སྒྲིག་སྲོལ་གསལ་བོ་ཡིན་ལ། ཐབས་ཇུས་རྐྱེན་སྲོལ་མྱུར་མོ་ཡིན་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅུ་བདུན་ལོ་ནས་བཟུང་། མེ་གླིང་ལྷོ་མའི་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོའི་ལས་འགན་སྟོང་བར་ལུས་ཡོད་པ་དང་། མནའ་འབྲེལ་གྱི་བྱ་འགུལ་སྤེལ་བར་དཀའ་ཁག་ཆེ་བ་རེད། 

ཚེས་བཅོ་ལྔ་ཉིན་པའོ་ལེ་ཝེ་ཡཱ་ཡིས་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ཐོབ་ཐང་པཱ་ཞི་ལ་སྤྲད་པ་དང་། པཱ་ཞི་ཡིས་མནའ་འབྲེལ་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱས་པ་རེད། 

དེའི་སྔོན་ཁོ་ལོམ་པུ་ཡཱ་དང་ཕེ་རུ། ཨིག་ཀྭ་ཏོར། པཱ་ལཱ་ཀུའེ། ཨ་ཀིན་ཐེན་བཅས་ཀྱིས་སྔ་གཞུག་ཏུ་རྩ་འཛུགས་དེ་ལས་དངོས་སུ་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།