ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཡེ་མིན་ཕྱོགས་ཁག་སོ་སོས་འཁྲུག་རྩོད་མཚམས་འཇོག་པའི་དམ་བཅའ་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅོ་ལྔ་ཉིན་གྲོས་ཚོགས་བསྡུས་ཏེ། ཡེ་མིན་གྱི་གནས་བབ་དང་འབྲེལ་བའི་སྙན་ཞུར་ཉན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་དཔོན་རིགས་ཀྱིས་འཁྲུག་རྩོད་ཕྱོགས་ཁག་སོ་སོས་འཁྲུག་རྩོད་མཚམས་འཇོག་པའི་དམ་བཅའ་བརྩི་སྲུང་བྱེད་དགོས་པའི་སྐུལ་མ་བཏང་བར་མ་ཟད། ཡེ་མིན་གྱི་མི་ཆོས་རིང་ལུགས་ཀྱི་གནས་བབ་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལི་ཧྥེ་སི་ཡིས་ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཆབ་སྲིད་གྲོས་མོལ་ནི་ཡེ་མིན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར། ཁོས་བཤད་རྒྱུར། འཁྲུག་རྩོད་མཚམས་འཇོག་པ་ནུས་ལྡན་དུ་གྱུར་བའི་ཚུན་ལ། ཧི་ཐེ་ཏཱའི་དྲག་ཤུགས་ཆུ་ཚད་ལྡབ་འགྱུར་གྱིས་ཇེ་དམའ་རུ་སོང་ཡོད་པ་དང་། མི་སེར་དཀྱུས་མའི་ཤི་རྨས་ཐེབས་པའི་ཁ་གྲངས་ཀྱང་ཇེ་ཉུང་དུ་སོང་ཡོད། ཡིན་ཡང་འཁྲུག་རྩོད་མཚམས་འཇོག་པའི་རྣམ་པར་མུ་མཐུད་དུ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱེད་པར་ད་རུང་བྱ་བ་མང་བོ་བསྒྲུབ་དགོས་ཟེར། ཡེ་མིན་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་དུས་རིམ་དང་པོའི་ཡང་བསྐྱར་བཀོད་སྒྲིག་འཆར་གཞི་དང་ལེན་བྱེད་རྒྱུའི་ཚུལ་བསྟན་ཡོད་པ་དང་། མིག་སྔར་ཤུགས་ཆེན་པོས་དུས་རིམ་གཉིས་པར་ཐག་གཅོད་མ་བྱས་པའི་གནད་དོན་ཐག་གཅོད་བྱེད་བཞིན་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་དྲུང་ཡིག་ཆེན་མོ་ལོ་ཁི་ཁི་ཡིས་བསྟན་དོན། ཧི་ཐེ་ཏཱའི་འཁྲུག་རྩོད་རྒྱུན་འཁྱོངས་བྱས་ཡོད་ཀྱང་། ས་ཁུལ་གཞན་པའི་དྲག་ཤུགས་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་པས། མི་མང་བོར་འགྲོ་སའི་ཁྱིམ་མེད་པར་གྱུར་ཡོད་ཟེར། 

ལོ་ཁི་ཁི་ཡིས་བསྟན་དོན། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་འགུལ་སྐྱོད་མིག་སྔར་ཞུགས་ཆོག་གི་ཚད་དང་མ་དངུལ་མི་འདང་བའི་གནད་དོན་ཆེན་པོ་གཉིས་ལ་འཕྲད་ཡོད། ཉེ་བའི་ཟླ་ངོ་བཞིའི་རིང་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་འཕྲལ་སྒྲུབ་འཆར་གཞིར་དོན་དངོས་སུ་མེ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དྲུག་ས་ཡ་བདུན་ལས་འབྱོར་མེད་པ་དང་། དེ་ཞལ་འདེབ་འབུལ་བར་ཁས་ལེན་བྱས་པའི་ཚད་ཀྱི་བརྒྱ་ཆའི་བཅུ་ཙམ་དང་མཁོ་བའི་གྲོན་དངུལ་གྱི་བརྒྱ་ཆའི་དྲུག་ཡིན་པས། སྨན་བཅོས་རྒུད་སྐྱོབ་བྱ་འགུལ་རེ་འགའ་མཚམས་ཆད་ངེས་ཡིན་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་བྱིས་པ་དང་དྲག་ཆས་འཁྲུག་རྩོད་གནད་དོན་གྱི་དམིགས་བསལ་འཐུས་མི་ཀན་པཱ་ཡིས་བཤད་རྒྱུར། ཡེ་མིན་གྱི་བྱིས་པར་དྲག་ཤུགས་གནོད་པ་ཐེབས་པའི་ཚད་དང་ལེན་བྱེད་ཐབས་མེད་པ་ཞིག་ཡིན་ཟེར། ཁོ་མོས་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མྱུར་དུ་བྱེད་ཐབས་སྤྱད་དེ་དམག་དོན་འགུལ་སྐྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འཚམ་པར་འགན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།