ཀྲུང་གོ་བོད་ཀྱི་དྲ་བ།

ལཱ་ཐཱ་སི་ལ་གྲོས་ཁང་གི་དབང་ཆ་ཐོབ་ནས་ཨེ་སོ་ནི་ཡཱའི་ནེ་ཀི་གསར་བ་རྩ་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་སོ་ནི་ཡཱའི་ད་ལྟའི་ཙུང་ལི། དཀྱིལ་དབུས་ཏང་གི་ཀྲུའུ་ཞི་ལཱ་ཐཱ་སི་ལ་ཚེས་བཅུ་བདུན་ཉིན་གྲོས་ཁང་གི་ནེ་ཀི་རྩ་འཛུགས་བྱེད་པའི་དབང་ཆ་ཐོབ་སྟེ། དཀྱིལ་དབུས་ཏང་དང་བག་འཁུམ་མི་དམངས་ཏང་། མེས་རྒྱལ་ཏང་བཅས་ཀྱིས་གྲུབ་པའི་མཉམ་འབྲེལ་སྲིད་གཞུང་གསར་བ་རྩ་འཛུགས་བྱས།

ཨེ་སོ་ནི་ཡཱའི་གྲོས་ཁང་གིས་ཉིན་དེར་ལཱ་ཐཱ་སི་ལ་ནེ་ཀི་རྩ་འཛུགས་བྱེད་པའི་དབང་ཆ་སྟེར་བར་བརྡས་ཐག་བཅད། མཇུག་མཐར་ལཱ་ཐཱ་སི་ལ་ནུས་ལྡན་འདེམ་ཤོག་གོ་དགུའི་ནང་གི་འདེམ་ཤོག་ང་ལྔ་ཐོབ་པ་དང་། གྲོས་ཁང་གི་ལས་གནས་བརྒྱ་དང་གཅིག་གི་ཕྱེད་ཀ་བརྒལ་ནས་ནེ་ཀི་རྩ་འཛུགས་བྱེད་པའི་དབང་ཆ་ཐོབ་པ་རེད།

ལཱ་ཐཱ་སི་ཡིས་ཉིན་དེར་གྲོས་ཁང་ནས་སྲིད་སྐྱོང་འཆར་གཞི་ཁྱབ་སྒྲོག་བྱེད་སྐབས་བཤད་རྒྱུར། སྲིད་གཞུང་གསར་བས་མིག་སྔའི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ལག་བསྟར་བྱས་ཤིང་། ཨེ་སོ་ནི་ཡཱ་རྒྱལ་ཁབ་ཀྱི་ཁེ་ཕན་ལ་དོ་སྣང་བྱས་ཏེ། རྒྱལ་ཁབ་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་དང་མི་དམངས་ཀྱི་བདེ་སྐྱིད་ཆེད་དུ་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

ཨེ་སོ་ནི་ཡཱའི་སྐབས་བཅུ་བཞི་བའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཟླ་གསུམ་པའི་ཚེས་གསུམ་ཉིན་སྤེལ། བཅོས་བསྒྱུར་ཏང་ལ་གྲོས་ཁང་གི་ལས་གནས་བརྒྱ་དང་གཅིག་ལས་སོ་བཞི་ཐོབ་ནས་ཏང་ཁག་ཆེན་མོ་དང་པོར་གྱུར། ཨེ་སོ་ནི་ཡཱའི་ཙུང་ཐུང་ཁཱ་ལིག་ལའེ་ཏི་ཡིས་དེའི་སྔོན་བཅོས་བསྒྱུར་ཏང་གི་ཀྲུའུ་ཞི་ཁཱ་ལཱ་སི་ཙུང་ལིའི་འདེམ་སྒུག་མི་སྣར་གཏན་འཁེལ་བྱས་ཀྱང་། ཁཱ་ལཱ་སི་ལ་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་གྲོས་ཁང་གི་འདེམ་ཤོག་མང་ཤོས་ཀྱི་རྒྱབ་སྐྱོར་ཐོབ་མེད།

ཨེ་སོ་ནི་ཡཱའི་དཀྱིལ་དབུས་ཏང་དང་བག་འཁུམ་མི་དམངས་ཏང་། མེས་རྒྱལ་ཏང་བཅས་ཀྱིས་ཟླ་བཞི་བའི་ཚེས་དྲུག་ཉིན་ཙུང་ལིའི་ལས་གནས་དང་བཅས་པའི་ནེ་ཀིའི་ཁོངས་མི་བཅོ་ལྔའི་མིང་ཐོ་ཁྱབ་སྒྲོག་བྱས་པ་དང་། ཚེས་བརྒྱད་ཉིན་སྲིད་འཛིན་མནའ་འབྲེལ་གྱི་གྲོས་མཐུན་བཀོད། ཁཱ་ལིག་ལའེ་ཏི་ཡིས་ཚེས་བཅུ་དྲུག་ཉིན་ལཱ་ཐཱ་སི་ཙུང་ལིའི་འདེམ་སྒུག་མི་སྣ་གསར་བར་གཏན་འཁེལ་བྱས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།