ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་འཐུས་མི་ཉིས་བརྒྱ་དང་ལྔ་བཅུས་གྲུབ་པའི་འཐུས་ཚབ་ཚོགས་པས་ཐ་ལེ་པན་བར་གྲོས་མོལ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཚེས་བཅུ་དྲུག་ཉིན་ཐཱ་ལེ་པན་བར་གྲོས་མོལ་བྱེད་པའི་མི་སྣའི་མིང་ཐོ་ཁྱབ་སྒྲོག་བྱས་པ་དང་། བསྡོམས་པས་འཐུས་མི་ཉིས་བརྒྱ་དང་ལྔ་བཅུ་ཡོད་ལ། དེའི་ནང་སྲིད་གཞུང་གི་དཔོན་རིགས་དང་ཆབ་སྲིད་ལས་རིགས་ཀྱི་མི་སྣ། དམངས་ཁྲོད་ཚོགས་པ་བཅས་ཀྱི་འཐུས་མི་འདུས་ཡོད། དེ་ནི་ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་རིགས་དང་ཐཱ་ལེ་པན་གྱི་ཐད་ཀར་གྲོས་མོལ་ཐོག་མ་རེད་ཟེར།

གྲོས་མོལ་དེ་ཟླ་འདིའི་ཚེས་བཅུ་དགུའི་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་ཁཱ་ཐར་གྱི་ཏའོ་ཧཱ་ནས་སྤེལ་རྒྱུར་གཏན་འཁེལ་བྱས་ཡོད།

ཐཱ་ལེ་པན་གྱིས་དེའི་སྔོན་ཨ་ཧྥུའུ་ཧན་སྲིད་གཞུང་ལ་ཨ་མེ་རི་ཁས་ཐེ་གཏོགས་བྱེད་པར་སྐྱོན་འཛུགས་བྱས་ཏེ། ཨ་ཧྥུའུ་ཧན་སྲིད་གཞུང་བར་ཐད་ཀར་གྲོས་མོལ་བྱེད་རྒྱུ་ཁས་ལེན་མ་བྱས། ཟླ་གཉིས་པའི་ཟླ་མགོར། ཨ་ཧྥུའུ་ཧན་གྱི་ཆབ་སྲིད་ལས་རིགས་ཀྱི་མི་སྣས་ཨུ་རུ་སིའི་རྒྱལ་ས་མའོ་སི་ཁི་ནས་ཐཱ་ལེ་པན་གྱི་ཁོངས་མིའི་བར་གྲོས་མོལ་བྱས་ཀྱང་། ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་རིགས་དག་ཐཱ་ལེ་པན་ཕྱོགས་ཀྱིས་གྲོས་མོལ་བྱེད་པར་ཁས་ལེན་མ་བྱས་པས་གྲོས་ཚོགས་ལ་མ་ཞུགས་པ་རེད།

ཐཱ་ལེ་པན་གྱི་མགྲིན་ཚབ་པས་ཚེས་བཅུའི་ཉིན་བཤད་རྒྱུར། མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་ཏའོ་ཧཱའི་གྲོས་མོལ་ཁྲོད། ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་རིགས་ཀྱིས་མི་སྒེར་གྱི་ཐོབ་ཐང་བཟུང་ནས་གྲོས་མོལ་ལ་ཞུགས་ཆོག་ཀྱང་། མི་སྒེར་གྱི་ལྟ་ཚུལ་གྱི་ཚབ་བྱེད་པ་ལས་སྲིད་གཞུང་གི་ལངས་ཕྱོགས་ཀྱི་ཚབ་བྱེད་མི་རུང་ཟེར།

ཨ་མེ་རི་ཁའི་སྲིད་གཞུང་གི་འཐུས་མི་དང་ཐཱ་ལེ་པན་གྱི་སྐོར་ཐེངས་གསར་བའི་གྲོས་མོལ་དེ་ཚོད་དཔག་བྱས་ན་ཟླ་འདིའི་ཟླ་མཇུག་ལ་ཏའོ་ཧཱ་ནས་སྤེལ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།