ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་ས་གནས་དཔོན་རིགས་ཀྱིས་ཚེས་བདུན་ཉིན་བཤད་རྒྱུར། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཚེས་དྲུག་ཉིན་གྱི་དགོང་མོར་རྒྱལ་ཁབ་དེའི་ལྷོ་ཕྱོགས་ས་ཁུལ་ནས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་ཆམ་ཕབ་བཏང་སྟེ། རྩ་འཛུགས་དེའི་དྲག་ཆས་ཉེས་ཅན་བཅུ་གཅིག་བསད་ཟེར།
བསྒྲགས་པ་ལྟར་ན། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཡཱ་ཀི་ལའེ་སྡེ་བ་ནས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་བར་འཁྲུག་རྩོད་དྲག་པོ་བྱས་པ་དང་། ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་གཅིག་བསད་ཟེར།
བདེ་འཇགས་སྡེ་ཁག་གི་འགན་ཁུར་བས་བཤད་རྒྱུར། ཐེངས་འདིའི་འཁྲུག་རྩོད་དོན་རྐྱེན་ལས་སོ་མཱ་ལིའི་སྲིད་གཞུང་གི་དམག་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་དམག་མི་བཞིར་རྨས་ཕོག་ཟེར།
ས་དེའི་སྡེ་དམངས་ཀྱིས་བཤད་རྒྱུར། ཚེས་དྲུག་ཉིན་གྱི་དགོང་མོའི་འཁྲུག་རྩོད་དེ་དུས་ཚོད་འགའི་རིང་རྒྱུན་བསྲིངས་པ་རེད་ཟེར།