ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་རྒྱལ་སར་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། སོ་མཱ་ལིའི་རྒྱལ་ས་མའོ་ཅཱ་ཏིས་ཧྲ་གྲོང་ཁྱེར་ལྟེ་གནས་ཀྱི་འབྲུ་རིགས་རོགས་སྐྱོར་བགོ་བཤའ་བྱེད་ས་ཞིག་ལ་ཉིན་དེར་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་ཏེ། མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་དགུར་རྨས་ཕོག་ཡོད་ཟེར། 

མིང་བཤད་མི་འདོད་པའི་སོ་མཱ་ལིའི་ཉེན་རྟོག་དཔོན་པོ་ཞིག་གིས་བཤད་རྒྱུར། འགས་གཏོར་བྱུང་སྐབས་མི་སེར་དཀྱུས་མ་མང་བོས་གྲལ་བསྒྲིགས་ཏེ་འབྲུ་རིགས་སྟེར་བར་སྒུག་ཡོད་པ་རེད་ཟེར། 

མིང་ལ་ནོའུ་ཨར་ཟེར་བའི་གནས་ཚུལ་དངོས་སུ་མཐོང་མཁན་ཞིག་གིས་བཤད་རྒྱུར། འགས་གཏོར་ཆེན་པོ་དེ་ལས་ཟང་ཟིང་གི་རྣམ་པ་བྱུང་བ་དང་། མི་རྣམས་ལ་སྐབས་ཐོག་དེར་འཇིགས་དངངས་ཆེན་པོ་བྱུང་ཡོད་ཟེར། 

སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས། 

སོ་མཱ་ལིའི་གསར་འགྱུར་པུའུ་ཡིས་ཚེས་བཅུ་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་སོ་མཱ་ལིའི་ཤར་ལྷོའི་ཕྱོགས་ཀྱི་ཞེ་པེ་ལེ་ཞོལ་མ་ཀྲིག་ཏུ་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་པའི་བར་དྲག་ཆས་འཁྲུག་རྩོད་བྱས་ནས། དྲག་ཆས་ཉེས་ཅན་བཅུ་བཞི་བསད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།