ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་གནད་དོན་གྱི་དམིགས་བསལ་འཐུས་མིས་ལི་པུ་ཡཱ་དེ་ནང་འཁྲུག་གི་ཉེན་ཁའི་མཚམས་སུ་གནས་ཡོད་པའི་ཉེན་བརྡ་བཏང་།

    སྤེལ་དུས། : 2019-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལི་པུ་ཡཱའི་གནད་དོན་གྱི་དམིགས་བསལ་འཐུས་མི་སཱ་ལཱ་མུའུ་ཡིས་ཚེས་ཉེར་གཅིག་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་ལི་པུ་ཡཱའི་གནས་བབ་སྙན་ཞུ་བྱེད་སྐབས། ལི་པུ་ཡཱ་ནང་འཁྲུག་གི་ཉེན་ཁའི་མཚམས་སུ་གནས་ཡོད་པའི་ཉེན་བརྡ་བཏང་། 

ཟླ་བཞི་བའི་ཚེས་བཞི་ཉིན་ནས་བཟུང་། ལི་པུ་ཡཱའི་རྒྱལ་དམངས་དམག་དཔུང་གིས་ཏི་ལེ་པའོ་ལི་ལ་དམག་དོན་འགུལ་སྐྱོད་སྤེལ་བ་དང་། གྲོང་ཁྱེར་དེ་ཚོད་འཛིན་བྱེད་པའི་ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་དམག་དཔུང་བར་འཁྲུག་རྩོད་བྱས། གནས་བབ་དེར་དམིགས་ནས་སཱ་ལཱ་མུའུ་ཡིས་བཤད་རྒྱུར། ཏི་ལེ་པའོ་ལིའི་ཕྱི་རོལ་གྱི་འཁྲུག་རྩོད་མྱུར་དུ་མཚམས་བཞག་ཀྱང་། དེ་ལས་བཟོས་པའི་གཏོར་བརླག་དེ་ལོ་འགའི་ནང་ད་གཟོད་སླར་གསོ་བྱེད་ཐུབ། མིག་སྔར་འཁྲུག་རྩོད་དེ་ལས་མི་སེར་དཀྱུས་མ་ཉེར་དགུ་དང་བཅས་པའི་མི་བཞི་བརྒྱ་དང་དྲུག་ཅུ་རྐྱེན་ལམ་དུ་ཤོར་ཡོད་པ་དང་། མི་སྟོང་གཉིས་དང་བཞི་བརྒྱར་རྨས་ཕོག་ཡོད། གཞན་ཡང་མི་ཁྲི་བདུན་དང་སྟོང་ལྔ་ལྷག་ལ་འགྲོ་སའི་ཁྱིམ་མེད་པར་གྱུར་ཡོད་ཟེར། 

སཱ་ལཱ་མུའུ་ཡིས་བསྟན་དོན། ཐེངས་འདིའི་འཁྲུག་རྩོད་ནི་ལི་པུ་ཡཱ་ཡིས་རྒྱལ་ཡོངས་ཚོགས་ཆེན་བསྡུ་ལ་ཉེ་བའི་སྔོན་ཏག་ཏག་ལ་བྱུང་བས། རྒྱལ་ཡོངས་ཚོགས་ཆེན་བསྡུ་ཐབས་མེད་པར་གྱུར་ཡོད་ལ། ཁོས་ལི་པུ་ཡཱའི་ཞི་བདེའི་གོ་སྐབས་ཤོར་བར་འཕང་སེམས་སྐྱེས་བཞིན་ཡོད་ཟེར། 

སཱ་ལཱ་མུའུ་ཡིས་ད་རུང་བསྟན་དོན། ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་ཙུང་ལི་སཱ་ལཱ་ཅེ་དང་ལི་པུ་ཡཱའི་ཤར་ཕྱོགས་ས་ཁུལ་གྱི་དྲག་ཆས་དམག་དཔུང་གི་མགོ་ཁྲིད་པ་ཧཱ་ཧྥུའུ་ཐཱ་ཨར་གཉིས་ཀྱིས་དེའི་སྔོན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་པུའུ་ཀྲ་པུས་ནས་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ལི་པུ་ཡཱའི་བར་བརྒལ་དུས་རིམ་མཇུག་སྒྲིལ་བའི་ཆབ་སྲིད་བཀོད་སྒྲིག་ཐད་ནས་གྲོས་མཐུན་བཀོད་ཀྱང་། ཧཱ་ཧྥུའུ་ཐཱ་ཨར་གྱིས་མགོ་ཁྲིད་པའི་ལི་པུ་ཡཱའི་རྒྱལ་དམངས་དམག་དཔུང་གིས་ཟླ་བཞི་བའི་ཚེས་བཞི་ཉིན་གློ་བུར་དུ་ཏི་ལེ་པའོ་ལི་རུ་བར་སྣང་འཇབ་རྒོལ་བྱས་ཏེ། གྲོས་མོལ་གྱི་གྲུབ་འབྲས་ཤུལ་མེད་དུ་བཟོས་པ་རེད་ཟེར། 

སཱ་ལཱ་མུའུ་ཡིས་བཤད་རྒྱུར། ཐེངས་འདིའི་འཁྲུག་རྩོད་ལས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་རྟེན་གཞི་རྩ་འཛུགས་ཀྱིས་ལི་པུ་ཡཱའི་ལྷོ་ཕྱོགས་ས་ཁུལ་ནས་ངལ་གསོ་བྱེད་དུ་བཅུག་པ་དང་། དེ་ལས་གཞན་འཇིགས་སྐུལ་རྩ་འཛུགས་ཀྱིས་ད་རུང་གོ་སྐབས་བཙལ་ནས་ལི་པུ་ཡཱའི་མངའ་ཁོངས་སུ་ཡོང་བཞིན་ཡོད་ཟེར། 

སཱ་ལཱ་མུའུ་ཡིས་ནན་གྱིས་བསྟན་དོན། ལི་པུ་ཡཱའི་གནད་དོན་དེ་དམག་དོན་བྱེད་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་མི་རུང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་བཅས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་སྤེལ་ནས། ཕྱི་རྒྱལ་གྱི་མཚོན་ཆ་དག་ལི་པུ་ཡཱ་རུ་ཕྱིར་འཚོང་བྱེད་པར་བཀག་འགོག་བྱེད་དགོས་པར་མ་ཟད། ལི་པུ་ཡཱའི་ཕྱོགས་ཁག་སོ་སོས་གཟབ་ནན་གྱི་གྲོས་མོལ་སླར་གསོ་བྱ་དགོས། དེ་ལྟ་མིན་ཚེ་ལི་པུ་ཡཱ་དེ་ཕྱོགས་ཁག་སོ་སོས་འཁྲུག་རྩོད་བྱེད་པའི་རྙོག་འཛིང་གི་གནས་སུ་ལྷུང་སྲིད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།