ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་གྱི་ཙུང་ལི་ཡིས་མའོ་ཏིས་ཀྱིས་ཡང་བསྐྱར་རྒྱ་གར་གྱི་ཙུང་ལིའི་འགན་ཁུར་བར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱ་གར་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཕཱ་ཁི་སི་ཐན་གྱི་ཙུང་ལི་དབྱེ་མུའུ་ལན་ཧན་གྱིས་ཉིན་དེར་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་ཁ་པར་བཏང་སྟེ། ཁོས་ཡང་བསྐྱར་ཙུང་ལིའི་འགན་ཁུར་བར་རྟེན་འབྲེལ་ཞུས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་རེ་བ་ཡོད་པའི་ཚུལ་བསྟན། 

གསལ་སྒྲོག་ལས་བཤད་རྒྱུར། མའོ་ཏིས་ཀྱིས་ཁ་པར་ནང་ནས་དབྱེ་མུའུ་ལན་ཧན་གྱིས་རྟེན་འབྲེལ་དང་འཚམས་འདྲི་བྱས་པར་བཀའ་དྲིན་ཞུས་པ་དང་། ཁྱིམ་མཚེས་རྒྱལ་ཁབ་གཙོར་འཛིན་གྱི་སྲིད་ཇུས་བསྐྱར་སྒྲོག་བྱས། ཁོས་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་དབུལ་ཕོངས་སེལ་བ་དང་། ཡིད་ཆེས་ཀྱི་འབྲེལ་བ་བཙུགས་ཏེ། ས་ཁུལ་དེར་དྲག་ཤུགས་དང་འཇིགས་སྐུལ་རིང་ལུགས་མེད་པའི་ཁོར་ཡུག་ཅིག་བསྐྲུན་དགོས་པའི་ཚུལ་བསྟན། 

དབྱེ་མུའུ་ལན་ཧན་གྱིས་དེའི་སྔོན་དྲ་ཚིགས་བརྒྱུད་དེ་མའོ་ཏིས་ཀྱིས་མགོ་ཁྲིད་པའི་རྒྱ་གར་མི་དམངས་ཏང་དང་དེའི་མནའ་མཐུན་ལ་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས་པར་མ་ཟད། རྒྱ་གར་གྱི་སྐབས་གསར་བའི་སྲིད་གཞུང་བར་མཉམ་ལས་བྱེད་རྩིས་ཡོད་པའི་ཚུལ་བསྟན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།