ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་འཇར་མན་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སླར་གསོ་བྱེད་པའི་རེ་བ་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཇར་མན་གྱི་ཕྱི་འབྲེལ་བློན་ཆེན་མཱ་སི་ཡིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་བཤད་རྒྱུར། འཇར་མན་དང་ཨ་མེ་རི་ཁའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་ཐབས་མི་འདྲ་བ་དང་། འཇར་མན་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སླར་གསོ་བྱེད་པའི་རེ་བ་ཡོད་ཟེར། 

མཱ་སི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་དང་གྲོས་མོལ་བྱས་རྗེས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། འཇར་མན་དང་ཨ་མེ་རི་ཁའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ཀྱི་དམིགས་འབེན་གཅིག་མཚུངས་ཡིན་པ་དང་། དབྱི་ལིང་ལ་ཉིང་རྡུལ་མཚོན་ཆ་ཐོབ་བཀག་འགོག་བྱེད་པ་དང་། ཞོར་དུ་དབྱི་ལིང་གིས་འཕུར་མདའི་གསར་སྤེལ་བརྡ་འཕྲིན་ཡོངས་བསྒྲགས་བྱེད་པར་རེ་ཡོད། ཡིན་ཡང་འཇར་མན་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་གནད་དོན་དེ་ཐག་གཅོད་བྱེད་པའི་བྱེད་ཐབས་མི་འདྲ་བ་ཡིན། ཨ་མེ་རི་ཁ་ན་ནིང་ཟླ་ལྔ་བར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་པ་དང་། འཇར་མན་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དེ་སླར་གསོ་བྱེད་པར་རེ་བས་ཁེངས་ཡོད་ཟེར། 

ཕིན་ཕའེ་ཨོ་ཡིས་ཉིན་དེར་ད་རུང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་གསང་བའི་གྲོས་མོལ་བྱས། འཇར་མན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། གྲོས་མོལ་གྱི་ནང་དོན་ལ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་དང་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་ལས་གཞི། བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་གྲོན་དངུལ་སོགས་འདུས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།