ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་འཕུར་མདའ་བཀོལ་ནས་སི་རི་ཡཱའི་དབུས་ཕྱོགས་གནམ་གྲུ་ཐང་དུ་འཇབ་རྒོལ་བྱས་པ་ལས་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་གཉིས་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་གཉིས་ཉིན་བཤད་རྒྱུར། དབྱི་སི་རལ་གྱིས་ཉིན་དེའི་དགོང་མོར་སི་རི་ཡཱའི་དབུས་ཕྱོགས་ཀྱི་ཧའོ་མུའུ་སི་ཞིང་ཆེན་གྱི་གནམ་གྲུ་ཐང་ཞིག་ལ་འཕུར་མདའི་འཇབ་རྒོལ་བྱས་ཏེ། དམག་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གཉིས་ལ་རྨས་ཕོག་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཧའོ་མུའུ་སི་ཞིང་ཆེན་ཤར་ཕྱོགས་ས་ཁུལ་དུ་ཡོད་པའི་དམག་བཀོལ་གནམ་གྲུ་ཐང་ཞིག་ལ་ཚེས་གཉིས་ཉིན་གྱི་དགོང་མོར་དབྱི་སི་རལ་གྱི་འཕུར་མདའ་མང་བོའི་འཇབ་རྒོལ་ཐེབས་ཏེ། སི་རི་ཡཱའི་མཁའ་སྲུང་མ་ལག་གིས་འཕུར་མདའ་དེ་དག་གཉིས་བཀག་ནས་གཏོར་བ་དང་། དེའི་འཕྲོའི་འཕུར་མདའ་ཚང་མ་དམིགས་འབེན་ལ་ཕོག་སྟེ། དམག་མི་གསུམ་ལ་ཤི་རྨས་བཟོས་པ་དང་། འགད་རྫས་མཛོད་ཁང་ཞིག་གཏོར་བར་མ་ཟད། ཁང་བ་སྐོར་ཞིག་ལ་གཏོར་བརླག་ཐེབས་ཡོད་ཟེར། 

བསྒྲགས་པ་ལྟར་ན། འཇབ་རྒོལ་ཐེབས་པའི་དམག་བཀོལ་གནམ་གྲུ་ཐང་དེས་སི་རི་ཡཱའི་དམག་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། སི་རི་ཡཱའི་དམག་དཔུང་གིས་མིག་སྔར་དབུས་ཕྱོགས་ཀྱི་ཧཱ་མཱ་ཞིང་ཆེན་བྱང་ངོས་ས་ཁུལ་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དོན་འགུལ་སྐྱོད་སྤེལ་བཞིན་ཡོད་ལ། དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་དེ་ནི་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་ཅིག་རེད་ཟེར། 

ཚེས་གཉིས་ཉིན་གྱི་ཞོགས་པར། སི་རི་ཡཱའི་ལྷོ་ནུབ་ཕྱོགས་སུ་འཕུར་མདའི་འཇབ་རྒོལ་ཐེབས་མྱོང་བ་དང་། དམག་མི་གསུམ་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ལ། གཞན་ཡང་མི་བདུན་ལ་རྨས་ཕོག་ཡོད་ཟེར། དབྱི་སི་ལན་རྒྱལ་སྲུང་དམག་དཔུང་གིས་དེའི་རྗེས་སུ་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་དམིགས་འབེན་མང་བོར་བར་སྣང་འཇབ་རྒོལ་བྱས་པ་ཁས་ལེན་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།