ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱིས་དབྱི་སི་རལ་གྱིས་ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་ལ་གནོད་བསྐྱལ་བར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་ཕྱོགས་ཁག་མང་བོས་ཚེས་གཉིས་ཉིན་དབྱི་སི་རལ་གྱིས་ཡིའུ་ཐེ་བ་སྨྱུང་གནས་མཇུག་སྒྲིལ་ལ་ཉེ་བའི་སྐབས་སུ། ཡེ་ལུའུ་སཱ་ལེམ་མཁར་གྲོང་རྙིང་བའི་ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་དུ་ཡོང་བར་རྒོལ་གཏམ་བཏང་། 

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ལུའུ་ཏའེ་ནཱ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་བྱ་སྤྱོད་དེ་ལས་གནས་མཆོག་དང་མུའུ་སི་ལིན་གྱི་གསོལ་འདེབས་མཁན་ལ་གནོད་པ་བཟོས་ཡོད་ཟེར། ཁོས་བཤད་རྒྱུར། དབྱི་སི་རལ་གྱི་བྱ་སྤྱོད་དེ་ལས་དྲག་ཤུགས་དོན་རྐྱེན་གསར་བ་འབྱུང་སྲིད་པ་དང་། ས་ཁུལ་ཧྲིལ་བོའི་བདེ་འཇགས་ལ་འཇིགས་ཉེན་ཐེབས་སྲིད་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་སྤེལ་ཏེ། དབྱི་སི་རལ་གྱི་སྔོན་དཔག་བྱེད་དཀའ་བའི་མཇུག་འབྲས་བཟོ་སྲིད་པའི་བྱེད་ཐབས་དེ་རིགས་ལ་བཀག་འགོག་བྱེད་དགོས་ཟེར། 

ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཨེ་ལོས་ཁཱ་ཐི་ཡིས་བསྟན་དོན། དེ་ནི་དབྱི་སི་རལ་གྱིས་ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་ལ་དམིགས་པའི་འཇབ་རྒོལ་དང་དཀྲུག་འཕེན་བྱ་སྤྱོད་ཅིག་ཡིན་པས། དབྱི་སི་རལ་གྱིས་ངེས་པར་དུ་འགན་འཁྲི་ཁུར་དུ་ལེན་དགོས་ཟེར། 

ཉིན་དེར་ཕཱ་ལེ་སི་ཐན་ཆོས་ལུགས་ལས་དོན་པུའུ་དང་ཕྱི་འབྲེལ་པུའུ། ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་འགུལ་སྐྱོད་ཧྥ་ཐཱ་ཧི། དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི། ཕཱ་ལེ་སི་ཐན་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏི། ཕཱ་ལེ་སི་ཐན་བཅིངས་འགྲོལ་གཏོང་བའི་དམངས་གཙོའི་འཐབ་ཕྱོགས། ཕཱ་ལེ་སི་ཐན་བཅིངས་འགྲོལ་གཏོང་བའི་མི་དམངས་འཐབ་ཕྱོགས་སོགས་ཀྱིས་ལང་ལོང་སྒོས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་ལ་དམིགས་པའི་ཡ་ང་བའི་བྱ་སྤྱོད་དེར་རྒོལ་གཏམ་བཏང་། 

དབྱི་སི་རལ་གསར་འགྱུར་ལས་རིགས་ཀྱིས་ཚེས་གཉིས་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་ཡིའུ་ཐེ་བའི་མི་ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་དུ་སོང་ནས་དབྱེ་ལུའུ་སཱ་ལེམ་ཉིན་མོར་དགའ་སྟོན་རྟེན་འབྲེལ་བྱེད་པར་ཆོག་མཆན་བཀོད་དེ། མུའུ་སི་ལིན་ལ་ཁོང་ཁྲོ་ཆེན་པོ་བསླངས། ཕྱོགས་གཉིས་བར་འཁྲུག་རྩོད་བྱུང་རྗེས། དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་ཀྱིས་ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་དུ་འགྲོ་སའི་སྒོ་དེ་དུས་ཚོད་འགའི་རིང་བརྒྱབ་པ་རེད་ཟེར། 

ཕཱ་ལེ་སི་ཐན་གྱི་དབྱེ་ལུའུ་སཱ་ལེམ་གྱི་ཆོས་ལུགས་ལས་ཁུངས་ཀྱིས་ཚེས་གཉིས་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་ཡིའུ་ཐེ་བའི་མི་སྟོང་གཅིག་དང་བརྒྱ་ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་དུ་འགྲོ་རུ་བཅུག་པ་དང་། དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་ཀྱིས་དྲག་གནོན་བྱས་པ་ལས་ཕཱ་ལེ་སི་ཐན་གྱི་མི་མང་བོར་རྨས་ཕོག་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།