ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོས་དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་བདག་བཟུང་བྱེད་པར་རྒྱབ་སྐྱོར་བྱས་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་ཕྱོགས་ཁག་མང་བོས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོ་ཧྥོ་ལི་ཏི་མན་གྱིས་དབྱི་སི་རལ་ལ་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ས་ཁུལ་སྐོར་ཞིག་བདག་བཟུང་བྱེད་པའི་དབང་ཆ་ཡོད་པའི་གཏམ་བཤད་སྤེལ་བར་རྒོལ་གཏམ་བཏང་། 

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བློ་འདོན་པ་ཧྲ་ཨ་སི་ཡིས་ཚེས་བརྒྱད་ཉིན་རྒྱང་སྒྲོག་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཕཱ་ལེ་སི་ཐན་གྱི་མགོ་ཁྲིད་རིམ་པ་དང་ཕཱ་ལེ་སི་ཐན་མི་དམངས་ཀྱིས་དབྱི་སི་རལ་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོའི་གཏམ་བཤད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་རྨང་གཞི་ནི་དབྱི་སི་རལ་གྱི་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་བཙན་བཟུང་བྱེད་མཚམས་འཇོག་པ་དེ་ཡིན་ལ། དེའི་ནང་ཡེ་ལུའུ་སཱ་ལེམ་ཤར་མའང་འདུས་ཡོད་ཟེར། ཕཱ་ལེ་སི་ཐན་མི་དམངས་ཀྱིས་རང་གི་ས་ཁོངས་བརྟན་སྲུང་བྱས་ཤིང་མུ་མཐུད་དུ་འཐབ་རྩོད་བྱས་ཏེ། དུས་རབས་གྲོས་མཐུན་སོགས་ཕཱ་ལེ་སི་ཐན་ལས་དོན་ལ་གནོད་པ་ཡོད་པའི་འཆར་གཞི་ཕམ་ཉེས་སུ་གཏོང་རྒྱུ་ཡིན་ཟེར། 

ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཨེ་ལོས་ཁཱ་ཐི་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་ཧྥོ་ལི་ཏི་མན་གྱི་འབྲེལ་ཡོད་གཏམ་བཤད་ལ་སྐྱོན་བརྗོད་བྱས་པ་དང་། དེ་ནི་ཞི་བདེའི་ཕྱོགས་ཀྱི་བསྐྱོད་པའི་ལམ་ཞིག་མ་ཡིན་པར་རྒྱུན་ཆད་མེད་པའི་འཁྲུག་རྩོད་འབྱུང་དུ་འཇུག་སྲིད་པར་འདོད། 

ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་རྩ་འཛུགས་ཧྥ་ཐཱ་ཧི་དང་། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི། ཕཱ་ལེ་སི་ཐན་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧཱ་ཏི་བཅས་ཀྱིས་ཀྱང་ཉིན་དེར་སོ་སོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོའི་གཏམ་བཤད་ལ་རྒོལ་གཏམ་བཏང་བ་དང་། དེ་ལས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་ལ་ཆམ་ཕབ་གཏོང་བ་དང་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་འཇིགས་ཉེན་བཟོ་སྲིད་པར་འདོད། 

དབྱི་སི་རལ་གྱི་རྒྱལ་ཁོངས་ཚགས་པར་གྱིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོ་ཧྥོ་ལི་ཏི་མན་གྱིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ས་ཁུལ་སྐོར་ཞིག་དབྱི་སི་རལ་གྱི་མངའ་ཁོངས་སུ་བསྡུ་བའི་དབང་ཆ་ཡོད་པ་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་བར་ཞི་བདེ་མངོན་འགྱུར་བྱས་ཀྱང་། དབྱི་སི་རལ་ལའང་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་སྡོད་སའི་གནས་ཤིག་མཁོ་བ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།