ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་བར་སྣང་འཇབ་རྒོལ་བྱས་ཏེ་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བཅུ་བཞི་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་དམག་ཕྱོགས་ཀྱིས་ཚེས་བཅུའི་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་རིང་ལྷོ་ཕྱོགས་ཀྱི་ཝུའུ་ལུའུ་ཙི་ཀན་ཞིང་ཆེན་གྱི་ཐཱ་ལེ་པན་དྲག་ཆས་ཉེས་ཅན་སྦས་སྐོང་བྱེད་སར་བར་སྣང་འཇབ་རྒོལ་ཐེངས་འགའ་བྱས་ཏེ། བསྡོམས་པས་དྲག་ཆས་ཉེས་ཅན་བཅུ་བཞི་བསད་ཡོད་ཟེར། 

ཨ་ཧྥུའུ་ཧན་དམག་ཕྱོགས་ཀྱིས་གསལ་སྒྲོག་སྤེལ་ཏེ། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་ཝུའུ་ལུའུ་ཙི་ཀན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཐིས་ལིན་ཁུའུ་ཐིའི་ཉེ་འདབས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ། དྲག་ཆས་ཉེས་ཅན་བསད་པ་ལས་གཞན་ད་རུང་དྲག་ཆས་ཉེས་ཅན་གྱིས་གསོག་ཉར་བྱས་པའི་མཚོན་ཆ་དང་འགད་རྫས་མང་བོར་གཏོར་བརླག་བཏང་ཡོད་ཟེར། 

གཞན་ཡང་བསྒྲགས་པ་ལྟར་ན། ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཁན་ཏཱ་ཧཱ་ཞིང་ཆེན་གྱི་ཉེན་རྟོག་ཅུའུ་ཡི་མགྲིན་ཚབ་པ་པཱ་ལི་ཁི་ཀྲ་དབྱེ་ཡིས་ཚེས་བཅུའི་ཉིན་བདེན་དཔང་བྱས་དོན། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གིས་ཚེས་དགུ་ཉིན་གྱི་ནམ་གུང་དུ་ཞིང་ཆེན་དེའི་ཧཱ་ཁི་ལི་ཙི་ས་ཁུལ་ནས་ཐཱ་ལེ་པན་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱས་ཏེ། ཉུང་མཐང་ཡང་དྲག་ཆས་ཉེས་ཅན་བཅུ་བདུན་བསད་ཡོད་ཟེར། 

མིག་སྔར་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་ཕྱོགས་ཀྱིས་གོང་གི་དོན་རྐྱེན་དེ་གཉིས་ཀྱི་ཐད་ནས་དཔྱད་བརྗོད་གང་ཡང་སྤེལ་མེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།