ཀྲུང་གོ་བོད་ཀྱི་དྲ་བ།

རྒྱུད་གཅིག་ལམ་གཅིག་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་ལག་ལེན་གསར་བའི་རྒྱལ་སྤྱིའི་གླེང་སྟེགས་ཨེ་ཅིབ་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱུད་གཅིག་ལམ་གཅིག་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་ལག་ལེན་གསར་བའི་རྒྱལ་སྤྱིའི་གླེང་སྟེགས་ཚེས་བཅུ་དྲུག་ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་སྤེལ་བ་དང་། ནེ་ཀྲི་རི་ཡཱ་དང་ཁུན་ནེ་ཡཱ། ཀྲུང་གོ། ཨེ་ཅིབ་སོགས་རྒྱལ་ཁབ་ཀྱི་སྲིད་གཞུང་གི་དཔོན་པོ་དང་། ཁེ་ལས་པ། ཆེད་མཁས་པ་སོགས་མི་བརྒྱད་ཅུ་ལྷག་གིས་འབྲེལ་ཡོད་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱས། 

ཐེངས་འདིའི་གླེང་སྟེགས་དེ་ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་གི་ཨ་ཧྥེ་རི་ཁ་གླིང་གི་ཞིབ་འཇུག་མནའ་འབྲེལ་དང་ཨེ་ཅིབ་ཨེ་ཡུན་ཞཱ་མུའུ་སི་སློབ་ཆེན་གྱིས་གཙོ་སྒྲུབ་བྱས་པ་དང་། གྲོས་ཚོགས་ལ་ཞུགས་པའི་སྐུ་མགྲོན་དག་གིས་རྒྱུད་གཅིག་ལམ་གཅིག་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་ལ་དམིགས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ཐོན་ལས་སྐུལ་འདེད་དང་། རྒྱུད་གཅིག་ལམ་གཅིག་གི་རྒྱབ་ལྗོངས་འོག་གི་ཀྲུང་གོ་དང་ཨེ་ཅིབ་ཀྱི་འབྲེལ་བ། ཨ་ཧྥེ་རི་ཁ་གླིང་གི་བཟོ་ལས་ཅན་གྱི་འཕེལ་རིམ། ལས་རིགས་ལག་རྩལ་སློབ་གསོའི་འཕེལ་རྒྱས་སོགས་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱས་པར་མ་ཟད་རང་རང་གི་ལྟ་ཚུལ་ལྷུག་བརྗོད་བྱས། 

ཨེ་ཅིབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་ཚོང་དོན་མགོ་ཁྲིད་པ་ཧན་པེན་གྱིས་ཞུ་ཚིག་ཕུལ་ཏེ། ཨེ་ཅིབ་ནི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རང་བྱུང་གི་གྲོགས་པོ་ཞིག་ཡིན་ཞིང་། ཉེ་བའི་ལོ་འགའི་རིང་ལ། ཕྱོགས་གཉིས་ཀྱི་ཉོ་ཚོང་གི་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་བ་དང་། དངུལ་གཏོང་མཉམ་ལས་ལ་སྦས་ཤུགས་ཆེན་པོ་ཡོད་ལ། དངུལ་ལོར་མཉམ་ལས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བར་མ་ཟད། མི་གཞུང་བརྗེ་རེས་ལ་འཕེལ་རྒྱས་མགྱོགས་པོ་བྱུང་། ཨེ་ཅིབ་ཉིས་སྟོང་བཅུ་དགུ་ལོའི་ཨ་ཧྥེ་རི་ཁ་གླིང་གི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་འོག་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད་ཟེར། 

ཨེ་ཅིབ་ཀྱི་ཨེ་ཡུན་ཞཱ་མུའུ་སི་སློབ་ཆེན་གྱི་སློབ་གཙོ་དབྱེ་ཀྲ་ཐི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ད་ལོའི་ཟླ་དང་པོར་སློབ་ཆེན་དེ་དང་ཀྲུང་གོའི་མི་དམངས་སློབ་ཆེན་གྱིས་མཉམ་དུ་བཙུགས་པའི་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་ཞིབ་འཇུག་ལྟེ་གནས་དངོས་སུ་བཙུགས་པ་དང་། སློབ་ཆེན་དེས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་སློབ་ཆེན་གཞན་པ་དག་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་གི་འབྲེལ་ཡོད་སྲིད་ཇུས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་ཐབས་ཇུས་ཐད་གྲོས་གཞི་འདོན་པ་དང་། ཨེ་ཅིབ་དང་ཀྲུང་གོ། ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་རིགས་གཞུང་གི་རྒྱབ་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།