ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་མའོ་སུའུ་ཨར་ནས་མེ་ཤུགས་འཕུར་མདའི་འཇབ་རྒོལ་དོན་རྐྱེན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་དམག་ཕྱོགས་ཀྱིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། དབྱི་རག་གི་གྲོང་ཁྱེར་ཆེན་པོ་གཉིས་པ་མའོ་སུའུ་ཨར་ནས་ཉིན་དེའི་དགོང་མོར་མེ་ཤུགས་འཕུར་མདའི་འཇབ་རྒོལ་དོན་རྐྱེན་བྱུང་བ་དང་། འཇབ་རྒོལ་དོན་རྐྱེན་ལས་མི་སྣར་ཤི་རྨས་ཐེབས་མེད་ཟེར། 

དབྱི་རག་གི་ནེ་ནེ་ཝེ་ཞིང་ཆེན་གྱི་འགུལ་སྐྱོད་བཀོད་འདོམ་པུའུ་ཡི་དམག་སྤྱི་ཙོ་པེད་དབྱེ་ཡིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཁཱ་ཁྱིག་ཧྲ་ཞེས་པའི་མེ་ཤུགས་འཕུར་མདའ་ཞིག་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་ནེ་ནེ་ཝེ་ཞིང་ཆེན་གྱི་མའོ་སུའུ་ཨར་གྲོང་ཁྱེར་མཁར་ཤར་གྱི་དབྱི་རག་གི་དམག་དོན་བཅའ་སྡོད་བྱེད་སའི་ཕྱི་རོལ་གྱི་ཐང་སྟོང་དུ་ལྷུང་བ་དང་། འཇབ་རྒོལ་དེ་ལས་མི་སྣར་ཤི་རྨས་ཐེབས་མེད། དབྱི་རག་བདེ་འཇགས་དམག་དཔུང་གིས་མའོ་སུའུ་ཨར་མཁར་ནུབ་ས་ཁུལ་ནས་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱེད་པའི་སྒྲིག་ཆས་རྙེད་ཡོད་པ་རེད། 

མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།