ཀྲུང་གོ་བོད་ཀྱི་དྲ་བ།

འབར་མའི་ཙུང་ཐུང་གིས་མུ་མཐུད་དུ་འབར་མ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འབར་མའི་ཙུང་ཐུང་ཝུན་མེན་གྱིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། འབར་མ་ཕྱོགས་ཀྱིས་མུ་མཐུད་དུ་འབར་མ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར། 

ཝུན་མེན་གྱིས་ཉིན་དེར་འབར་མ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲིན་ཧེ་ཡིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་གོང་གི་བསམ་ཚུལ་དེ་བསྟན་པ་རེད། ཁོས་བཤད་རྒྱུར། འབར་མ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་སྲོལ་རྒྱུན་མཛའ་བརྩེ་ལ་མཐོང་ཆེན་བྱེད་པ་དང་། ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་འབར་མའི་ཞི་བདེའི་འཕེལ་རིམ་དང་རོའུ་ཁེ་པང་སོགས་གནད་དོན་ཐད་ནས་འབར་མ་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ལ། ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱིས་བརྒྱུད་གཅིག་ལམ་གཅིག་དང་ཀྲུང་གོ་དང་འབར་མའི་དཔལ་འབྱོར་བར་ཁྱམས་མཉམ་འཛུགས་བྱེད་པར་སྐུལ་འདེད་གཏོང་རྒྱུ་མ་ཟད། མུ་མཐུད་དུ་འབར་མ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་ནས། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར། 

ཁྲིན་ཧེ་ཡིས་བཤད་རྒྱུར། འབར་མ་ནི་ཀྲུང་གོའི་མཛའ་མཐུན་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། མིག་སྔར་ཀྲུང་གོ་དང་འབར་མའི་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ཡོད་ལ། འཕེལ་རྒྱས་ཀྱི་གོ་སྐབས་གསར་བར་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབར་མ་བར་གྱི་ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། བརྒྱུད་གཅིག་ལམ་གཅིག་དང་ཀྲུང་གོ་དང་འབར་མའི་དཔལ་འབྱོར་བར་ཁྱམས་སྒྲོམ་གཞིའི་འོག་གི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་གོ་དང་འབར་མའི་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།