ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཡིག་གི་རྩོམ་རིག་དུས་དེབ་སྒྲུབ་ཐབས་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཀན་ལྷོ་ནས་འཚོགས་པ།

ཡོང་ཁུངས། : ཟླ་ཟེར་རྩོམ་སྒྲིག་ཁང་།   རྩོམ་པ་པོ། : རིན་ཆེན་སྐྱིད།   སྤེལ་དུས། : 2016-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས14ཉིན། 《ཟླ་ཟེར》དུས་དེབ་ཀྱིས་གཙོ་སྒྲུབ་གནང་བའི་བོད་ཡིག་གི་རྩོམ་རིག་དུས་དེབ་སྒྲུབ་ཐབས་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཀན་ལྷོ་ནས་འཚོགས། 《སྦྲང་ཆར》དང《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《བོད་ཀྱི་དམངས་སྲོལ་རིག་གནས》《གངས་རྒྱན་མེ་ཏོག》《མི་རིགས་ཀྱི་རྩོམ་རིག》སོགས་བོད་ཁུལ་གྱི་དུས་དེབ་ཁག་གི་གཙོ་སྒྲིག་པ་དང་རྩོམ་སྒྲིག་པ་མི་བཞི་བཅུ་ལྷག་ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ལ་ཞུགས། 

སྤྱིའི་ཁོར་ཡུག་ལ་གཞིགས་ན་དུས་དེབ་གང་རུང་ཞིག་གི་རྒྱུ་སྤུས་བཟང་ངན་ནི་མི་རིགས་རིག་གནས་ལས་དོན་གྱི་དར་རྒུད་དང་ཀུན་ནས་འབྲེལ་བས། དུས་དེབ་ཀྱི་བརྗོད་དོན་གདམ་གསེས་དང་། རྩོམ་པ་པོའི་དཔུང་སྡེ་འཛུགས་སྐྲུན། རྩོམ་ཡིག་འཚོལ་སྡུད་ཀྱི་ལས་ཀ རྩོམ་སྒྲིག་པ་དང་པར་ཞུ་བའི་ལས་ཀར་ཞིབ་ཚགས་ལྡན་ཞིང་འདེམས་པའི་རྩོམ་ཡིག་རྒྱུ་སྤུས་བཟང་བ། མདུན་ཤོག་དང་པར་གཞིའི་ཇུས་འགོད་རྣམ་པ་གསར་ཞིང་དུས་རབས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་བཅས་སྣ་མང་ཕུན་སུམ་ཚོགས་པའི་ཡོན་ཏན་གྱིས་མཛེས་དགུར་སྤྲས་པའི་དུས་དེབ་ཅིག་བསྐྲུན་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། དུས་དེབ་སྒྲུབ་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་དུས་དེབ་ཀྱི་རིག་གནས་བརྒྱུད་སྒྲོག་གི་ནུས་པ་འདོན་སྤེལ་དང་། མང་ཚོགས་ལ་ཉིང་བཅུད་ལྡན་པའི་སྲོལ་རྒྱུན་དང་དེང་རབས་རིག་གནས་ཀྱི་བག་ཆགས་ཟབ་མོ་འཇོག་རྒྱུ་ནི་ཐེངས་འདིའི་ཚོགས་འདུའི་དགོངས་དོན་ཡིན་པས། ཚོགས་འདུའི་སྐབས་སུ་མདོ་དབུས་ཁམས་གསུམ་ནས་ཡོང་བའི་རིག་རྩལ་ལྷན་ཚོགས་དང་བོད་ཡིག་གི་རྩོམ་རིག་དུས་དེབ་སོ་སོའི་གཙོ་སྒྲིག་པ་དང་རྩོམ་སྒྲིག་གི་ལས་ཀ་གཉེར་མཁན་རྣམས་ཀྱིས་བོད་ཡིག་གི་རྩོམ་རིག་དུས་དེབ་སྒྲུབ་པའི་རྩོམ་སྒྲིག་པ་རྣམས་ལ་རྩོམ་སྒྲིག་ཉམས་མྱོང་དང་ཆེད་ལས་ཟབ་སྦྱོང་གི་གོ་སྐབས་ཉུང་བ། བོད་ཡིག་གི་རྩོམ་སྒྲིག་དང་པར་ཞུ། པར་གཞི་ཇུས་འགོད། མདུན་ཤོག་བར་བཅུག་གི་འདྲ་པར་དང་རི་མོ་བཀོད་སྒྲིག་གི་གཞུང་ལུགས་ཐད་ཀྱི་ཆེད་རྩོམ་དང་དཔེ་ཆ་ཉུང་བ། སློབ་ཆེན་ཁག་ཏུ་བོད་ཡིག་གི་རིག་གཞུང་དུས་དེབ་དང་རྩོམ་རིག་དུས་དེབ། ཚགས་པར་རྩོམ་སྒྲིག་པའི་ཆེད་ལས་སྐྱེད་སྲིང་གི་སྡེ་ཚུགས་མེད་པའི་རྒྱུ་རྐྱེན། རིག་རྩལ་རྩོམ་རིག་གི་ཆེད་སྤྱོད་ཐ་སྙད་ཇི་ལྟར་གཅིག་གྱུར་བྱེད་པ། རྩོམ་རིག་གི་ལུས་ཀྱི་ཆ་ན་གནས་པའི་གནད་དོན་སོགས་ཀྱི་ཐད་ནས་རང་རང་གི་དུས་དེབ་ཀྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ཉམས་མྱོང་དང་བསམ་ཚུལ་བགྲོ་གླེང་བྱས།

ཐེངས་འདིའི་ཚོགས་འདུ་འཚོགས་པ་དེས་ཕུལ་བྱུང་བརྩམས་ཆོས་དང་ཕུལ་བྱུང་མི་སྣ་འདོན་སྤེལ་དང་། རྒྱ་ཆེའི་རྩོམ་པ་བོར་མཐུན་སྒྲིལ་དང་གསར་རྩོམ་ལ་སྣེ་ཁྲིད། ཀློག་པ་བོར་ཞབས་འདེགས་ཞུ་བའི་སྟེགས་བུ་བསྐྲུན་པ། ལྷག་པར་དུ་བོད་ཡིག་རྩོམ་རིག་དུས་དེབ་སོ་སོའི་དགེ་མཚན་འདོན་སྤེལ་བྱས་ནས། རྩོམ་པ་པོའི་བྱང་ཚད་སྐྱེད་སྲིང་། བརྩམས་ཆོས་འགྲེམ་སྤེལ་དང་ཁྱབ་གདལ། རིག་རྩལ་གྱི་བསམ་བློ་བཅིངས་འགྲོལ་དང་། རིག་རྩལ་གྱི་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་བཅས་ཀྱི་གྲུབ་འབྲས་སྔར་བས་ཇེ་ལེགས་སུ་བཏང་སྟེ་བོད་ཀྱི་རྩོམ་རིག་དུས་དེབ་སྒྲུབ་ཐབས་སྔར་ལས་གོང་འཕེལ་དང་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་ཕན་ནུས་ཆེན་པོ་འདོན་ཐུབ།  །


རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།