ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱི་བོད་རྒྱ་སྐད་གཉིས་ཀྱི་གྲ་སྒྲིག་སློབ་གསོའི་གཞི་ས་བཙུགས་ནས་སྒོ་བྱང་བཀལ་བ།

ཡོང་ཁུངས། : མདོ་ལྷོའི་དྲ་བ།     སྤེལ་དུས། : 2016-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་གྱི་བོད་རྒྱ་སྐད་གཉིས་ཀྱི་གྲ་སྒྲིག་སློབ་གསོའི་གཞི་ས་དེ་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོར་བཙུགས་ནས་སྒོ་བྱང་བཀལ།

ཞིང་ཆེན་བོད་ཁུལ་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་དབྱང་ཙི་ཚའེ་དང་། ཞིང་ཆེན་དམངས་ཨུའི་ཀྲུའུ་རེན་གཞོན་པ་མཱ་ཞུའེ་ཀྲི  ཞིང་ཆེན་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཡའོ་ཡུས། ཁུལ་དཔོན་གཞོན་པ་ཧྲི་ཀྲན་ལིའང་། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་ཏང་ཨུའི་ཧྲུའུ་ཅི་ལི་ཝེ་ཕིན་སོགས་སྒོ་བྱང་འགེལ་བའི་མཛད་སྒོ་རུ་ཞུགས།

ཧྲི་ཀྲན་ལིའང་གིས་གཏམ་བཤད་ཁྲོད་དུ་སྐད་གཉིས་སློབ་གསོ་གོང་འཕེལ་དང་། གྲངས་ཉུང་མི་རིགས་ས་ཁུལ་གྱི་སྐད་གཉིས་མི་སྣ་གསོ་སྦྱོང་བྱེད་པ་དེ་ནི་མི་རིགས་སློབ་གྲྭ་ཆེན་མོའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་པ་དང་། “ཆབ་སྲིད་ལ་བློ་གཏད་ཆོད་པ་དང་གཞི་རིམ་དུ་རྩ་བ་འཛུགས་པ། བྱེད་སྒོ་དུས་བསྟུན”གྱི་བོད་ཁུལ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་མཁན་དང་སྣེ་ལེན་བྱེད་མཁན་གསོ་སྦྱོང་བྱེད་པའི་དགོས་མཁོ་ཡིན་ལ། སྐད་གཉིས་ཀྱི་གྲ་སྒྲིག་སློབ་གསོ་ནི་ཏང་གི་མི་རིགས་སྲིད་ཇུས་ཀྱི་མཚོན་ཚུལ་ཞིབ་ཕྲ་ཡིན་པ་དང་། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཤེས་ལྡན་མི་སྣའི་གསོ་སྦྱོང་མགྱོགས་པོ་གཏོང་བའི་ཁྱད་འཕགས་ཅན་གྱི་སློབ་སྒྲུབ་ཀྱི་རྣམ་པ་ཞིག་ཡིན། རང་རེའི་ཞིང་ཆེན་གྱི་བོད་རྒྱ་སྐད་གཉིས་སློབ་གསོའི་གཞི་ས་གཅིག་པུ་ཡིན་པས། རང་ཁུལ་དང་དེ་མིན་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་ས་ཁུལ་ལ་དེ་ལས་མང་པའི་ཕུལ་བྱུང་ཅན་གྱི་ཆེད་ལས་ལག་རྩལ་མི་སྣ་གསོ་སྐྱོང་བྱས་ཏེ། ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་སྤྱི་ཡོངས་ཀྱི་རིག་གནས་བྱང་ཚད་མཐོར་འདེགས་སུ་གཏོང་བ་དང་། རང་ཁུལ་གྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་གཏན་འཇགས། མི་རིགས་མཐུན་སྒྲིལ་བཅས་ཀྱི་ཐད་དངོས་ཡོད་ཀྱི་དོན་སྙིང་དང་ཡུན་རིང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཞེས་བསྟན།

 ཧྲི་ཀྲན་ལིའང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སློབ་གསོའི་ལས་དོན་ལ་མཐོང་ཆེན་ཚད་མཐོན་པོ་བྱས་པ་དང་། ལྷག་པར་དུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་གོང་འཕེལ་ཐད་དོ་སྣང་དང་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། ཕྱིན་ཆད་ཀྱང་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། མུ་མཐུད་དུ་ས་ཆ་དང་མཉམ་འབྲེལ་ཟབ་མོ་བྱེད་པ་དང་། སློབ་གྲྭ་དང་ས་ཆ་གཉིས་ཀྱིས་མཉམ་སྐྲུན་ཇེ་དྲག་ཏུ་བཏང་སྟེ།“ཀན་སུའུ་ཞིང་ཆེན་གྱི་བོད་རྒྱ་སྐད་གཉིས་ཀྱི་གྲ་སྒྲིག་སློབ་གསོའི་གཞི་སའི”གོང་འཕེལ་ཐད་རྒྱབ་སྐྱོར་ཆེན་པོ་གཏོང་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།