ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གིས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་འཆམ་མཐུན་གྱི་བོད་བརྒྱུད་ནང་བསྟན་དགོན་སྡེ་འཛུགས་སྐྲུན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་འཆམ་མཐུན་གྱི་བོད་བརྒྱུད་ནང་བསྟན་དགོན་སྡེ་འཛུགས་སྐྲུན་བྱ་བ་དེ། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་ལེན་དངོས་འབེབས་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་བརྩིས་ནས། ཁྲིམས་ལྟར་བོད་སྐྱོང་དང་དམངས་ཕྱུག་བོད་དར། ཡུན་རིང་བོད་འཛུགས། མི་སེམས་གཅིག་བསྡུ། རྨང་གཞི་སྲ་བརྟན་བཅས་ཀྱི་བྱ་བའི་རྩ་དོན་ལྟར། ཞབས་ཞུ་ལ་བརྟེན་ནས་དོ་དམ་ཇེ་ལེགས་སུ་བཏང་ཞིང་། དགོན་སྡེ་ཁྲིམས་ལྟར་དོ་དམ་བྱེད་པ་དང་དམངས་གཙོ་དོ་དམ། སྤྱི་ཚོགས་དོ་དམ་གྱི་ཆུ་ཚད་ནུས་ལྡན་སྒོས་ཇེ་མཐོར་བཏང་ནས། རྫོང་ཡོངས་ཀྱི་དཔལ་འབྱོར་ཐོད་བརྒལ་གྱིས་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འཇགས་ཡོང་བར་སྐུལ་འདེད་བཏང་བ་རེད།

  ཀླུ་ཆུ་རྫོང་ཁོངས་སུ་བསྡོམས་པས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ8ཡོད་ལ། དེའི་གྲས་སུ་ཤིས་ཚང་སྒར་གསར་དང་ལྷ་མོ་དགོན་པ། རྨོག་རུ་དགོན་པ་བཅས་དགོན་པ་གསུམ་པོ2016ལོར། ཀན་སུའུ་ཞིང་ཆེན་ཏང་ཨུ་དང་ཀན་སུའུ་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཆམ་མཐུན་གྱི་བོད་བརྒྱུད་ནང་བསྟན་དགོན་པའི་ལས་གཞིའི་གྲས་སུ་བཞག་ནས་འཛུགས་སྐྲུན་བྱས་ཤིང་། དགོན་པ་རེ་རེར་ལས་གཞི་འཛུགས་སྐྲུན་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་རེ་བཏང་བ་དང་། བསྡོམས་པས་ མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་དགུ་བཏང་ཡོད། ལས་གཞིའི་འཛུགས་སྐྲུན་བྱ་རྒྱུ་ གཙོ་བོ་ནི་དགོན་པ་སོ་སོའི་ནང་གི་རྡོ་གཅལ་ཐང་དང་། འདུ་ཁང་གི་ར་སྐོར། ལམ་འགྲམ་གྱི་ཉི་འོད་ནུས་པའི་གློག་སྒྲོན། སྤྱི་སྤྱོད་བསང་སྤྱོད་ཁང་གསར་དུ་ལས་པ། བོད་ལུགས་ཀྱི་སྒོ་ཆེན། སྲང་ལམ་སྲ་བཟོ། གློག་ལམ་བཟོ་བཅོས། ལྕགས་རི། མེ་འགོག་ཆུ་རྫིང་བསྐྱིལ་བ། ཆུ་རྐ་བཟོ་བ། རྫབ་རླངས་དོང་བུ། དགོན་སྡེ་ལྗང་བསྒྱུར་བཅས་ཡིན་ལ། ལས་གཞི་ འཛུགས་སྐྲུན་བྱས་པ་བརྒྱུད་དེ། དགོན་པ་གསུམ་པོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ རིམ་གྱིས་ཇེ་ལེགས་སུ་འགྱུར་ཀྱིན་ཡོད་པ་རེད།

ཀླུ་ཆུ་རྫོང་གིས་རྫོང་ཡོངས་ཀྱི་སེར་མོ་བ་ཡོངས་ལ་འབྲེལ་བ་ཡོད་ཅིང་ཐུགས་འཁུར་བྱེད་སའི་ལས་གཞི་དེ་དག་ལག་བསྟར་དོན་འཁྱོལ་བཟང་བོ་བྱ་ཆེད། རྫོང་ཨུའི་ཧྲུའུ་ཅི་ཡིས་ཚན་གཙོའི་འགན་འཁུར་བ་དང་། རྫོང་དཔོན་གྱིས་ཚན་གཙོ་གཞོན་པའི་འགན་འཁུར་པ། འབྲེལ་ཡོད་སྡེ་ཁག་སོ་སོའི་འགན་འཁུར་བས་ཁོངས་མི་བྱས་པའི་སྐྱེ་ཁམས་དཔལ་ཡོན་ འཆམ་མཐུན་གྱི་བོད་བརྒྱུད་ནང་བསྟན་དགོན་པའི་བྱ་བའི་འགོ་འཁྲིད་ཚན་ཆུང་བཙུགས་ཏེ། དེའི་མངའ་འོག་ཏུ་གཞུང་སྒྲུབ་ཁང་བཀོད་སྒྲིག་བྱས་པ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ལས་གཞི་ལག་བསྟར་བྱས་པ་རེད།

  དུས་མཚུངས་སུ། ལས་གཞི་འཛུགས་སྐྲུན་བྱེད་པའི་ཁྲོད་ནས་ཁྱད་ཆོས་ལྡན་ལ་མཛེས་ཆ་དོད་པའི་མི་སྡོད་ཁོར་ཡུག་ཅིག་གསར་དུ་བསྐྲུན་པ་དང་། བོད་བརྒྱུད་ནང་བསྟན་དགོན་པའི་སྲོལ་རྒྱུན་རིག་གནས་དང་དམངས་སྲོལ་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱས་པ་དང་ཆབས་ཅིག་ཏུ།  གོ་སྐབས་འདི་སྤྱད་ནས་ཤུགས་ཆེན་པོས་ཆོས་ལུགས་རིག་གནས་ཀྱི་ཡུལ་སྐོར་གོང་སྤེལ་བཏང་བ་རེད།

ད་སྐབས། བོད་བརྒྱུད་ནང་བསྟན་དགོན་པ་འདི་གསུམ་པོར་སྐྱེ་ཁམས་དཔལ་ཡོན་འཆམ་མཐུན་གྱི་བོད་བརྒྱུད་ནང་བསྟན་དགོན་པ་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱས་པ་བརྒྱུད་དེ། རྫོང་འདིའི་ཆོས་ལུགས་རིག་གནས་ཡུལ་སྐོར་གོང་དུ་སྤེལ་ནས་དགོན་པ་རང་ཁ་རང་གསོ་ཐུབ་པའི་ཆ་རྐྱེན་བསྐྲུན་པ་དང་མཉམ་དུ། ས་གནས་ཀྱི་སེར་མོ་བ་ཚོར་ཏང་དང་སྲིད་གཞུང་གིས་མི་རིགས་ས་ཁུལ་གྱི་ཆོས་ལུགས་བྱ་བར་མཐོང་ཆེན་བྱེད་ཀྱིན་པ་སེམས་སྟེང་ནས་ཚོར་དུ་བཅུག་ཡོད་པ་རེད། །

〔གསར་འགོད་པ། ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཚེ་རིང་རྡོ་རྗེ།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།