ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གྱིས་གནད་འཕིགས་དབུལ་སྐྱོར་ལ་ཁྱབ་ཁོངས་གསར་བ་དང་ཐབས་ལམ་གསར་བ་ཕྱེས་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་ལྷོ་ཁུལ་གྱི་མངའ་ཁོངས་དུ་རྫོང་བདུན་དང་གྲོང་ཁྱེར་གཅིག་ཡོད་པ་ལས། གཙོས་གྲོང་ཁྱེར་ནི་གྲོང་ཁྱེར་གཅིག་པོ་དེ་ཡིན་ལ། 2016ལོར། གཙོས་གྲོང་ཁྱེར་གྱིས་ཡོང་སྒོ་ཇེ་མང་དང་དབུལ་ཕོངས་ཇེ་ཉུང་དུ་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ། དབུལ་སྐྱོར་བྱ་བ་སྤྱིའི་ཕན་འབྲས་ཇེ་མཐོར་གཏོང་རྒྱུའི་དམིགས་ཡུལ་བཅངས་པ་དང་། གནད་འཕིགས་དབུལ་སྐྱོར་བྱ་བའི་རིག་ལམ་གསར་བ་བཙལ་ནས། ཧུར་ཐག་གིས་དབུལ་སྐྱོར་བྱེད་ཐབས་གསར་བ་མང་པོ་བཏོན་པས། ལོ་གང་བོར་དབུལ་ཕོངས་3563དབུལ་ཐར་བྱས་པ་དང་། དབུལ་ཕོངས་ཀྱི་ཁེབས་ཚད་དེ་ལོ་མགོར་12.5%ཡིན་པ་ནས་ད་སྐབས་ཀྱི2.4%རུ་ཇེ་དམའ་རུ་ བཏང་ཞིང་། དབུལ་ཕོངས་སྡེ་བའི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་བཏང་ཡོད།།

ཤུགས་ཆེན་པོས་དམངས་ཕྱུག་ཐོན་ལས་སྣ་ཚོགས་གོང་དུ་སྤེལ་ནས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་ཡོད་དེ། ནོར་གནག་གསོ་སྤེལ་ལྟེ་གནས་ཚོགས་པ་3བཙུགས་པ་དང་། གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་ཚད་ལྡན་6ལས་པ། གསོ་ཁང་དྲོན་པོ291གསར་དུ་ལས་པ་མ་ཟད། སྤུས་ལེགས་བཞོ་མ་1200ནང་འདྲེན་བྱས་ནས་ཁྱིམ་ཚང་ལ་བགོས་པ་དང་། ལོ་གང་བོར་ཕྱིར་མ་བཙོང་བའི་ནོར་གནག་ཁྲི་བཞི་དང་སྟོང་ཚོ་བརྒྱད་ཡོད་ལ། ཕྱིར་བཙོང་བའི་སྒོ་ཕྱུགས་ཁྲི་གཉིས་དང་སྟོང་ཚོ་གསུམ་ཡོད། ཕྱིར་མ་བཙོང་བའི་མཛོ་མོ་ཁྲི་ལྔ་དང་སྟོང་ཚོ་གསུམ་ཡོད་པ་དང་། འོ་མ་ཏུན་སྟོང་ཚོ་བརྒྱད་ཐོན་སྐྱེད་བྱས་ཡོད། སྤུས་ལེགས་ གཟན་རྩྭ་འདེབས་ས་ས་མུའུ་ཁྲི་གཉིས་འཛུགས་སྐྲུན་བྱས་པ་དང་། རྩྭ་རྒྱུ་ཇེ་ཞན་དུ་ སོང་ཡོད་སར་གསབ་འདེབས་བྱས་པའི་རྩྭ་ར་ས་མུའུ་ཁྲི་གཉིས་དང་སྟོང་གཉིས་ཡོད་པ། ནས་འདེབས་ས་ས་མུའུ་སྟོང་ཚོ་ལྔ་དང་ཀྲུང་ལུགས་དང་བོད་སྨན་རྒྱུ་ཆ་ས་མུའུ་ཁྲི་གཅིག་བཏབ་པ། སྤུས་ལེགས་སྐེ་ཚེ་ས་མུའུ་ཁྲི་གཅིག་དང་སྟོང་ཚོ་བརྒྱད་ཡོད་ལ། ཀུ་ཏིའི་ཤ་མོ་འདེབས་སའི་དཔེ་སྟོན་གཞི་ས་ས་མུའུ་30ཡོད་པ་བཅས་ཞིང་ལས་ཀྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་གཉིས་དང་ས་ཡ་དགུ་ལ་བསླེབས་ཡོད། ཞིང་དར་ཞིང་ཕན་སྲིད་ཇུས་དངོས་འབེབས་བྱས་ཏེ། ནོར་གནག་དང་བོད་ལུག། སྤུས་ལེགས་ནས་བཏབ་པ་བཅས་ལ་གསབ་དངུལ་སྒོར་བྱེ་བ་གཅིག་དང་འབུམ་དྲུག་ཁྲི་གཉིས་བཀྲམ་ཡོད། ཞིང་སྡེའི་མཉམ་ལས་རྩ་འཛུགས་གོ་རིམ་ལྡན་པའི་ངང་གོང་དུ་སྤེལ་ནས་ཞིང་པའི་ཆེད་ལས་མཉམ་ལས་ཁང་383བཙུགས་ཡོད་པ་དང་། དེ་དག་གི་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་བདུན་ དང་བྱེ་བ་བདུན་ཡིན་ལ། དབུལ་ཕོངས་སྡེ་བའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ ཁེབས་ཚད་100%ཡིན།

ཉིས་འབྲེལ་ཞིང་ཕན་བསྐྱི་དངུལ་དང་གནད་འཕིགས་དབུལ་སྐྱོར་ཀྱི་ཆེད་སྤྱོད་བསྐྱི་དངུལ་གྱི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་ཏེ། ཁྱིམ་ཚང་དབུལ་བོས་དངུལ་བསྐྱི་དཀའ་བའི་གནད་དོན་ནུས་ལྡན་སྒོས་ཐག་གིས་བཅད་ཡོད། 2016ལོར། རིམ་བསགས་ཀྱིས་བརྩིས་ན་གནད་འཕིགས་དབུལ་སྐྱོར་གྱི་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་གཅིག་འབུམ་ལྔ་ཁྲི་ལྔ་བསྐྱིས་ནས་བཀྲམ་པ་དང་། ཉིས་འབྲེལ་ཞིང་ཕན་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་བདུན་བསྐྱིས་ཡོད་པས་རོང་འབྲོག་ཁྱིམ་ཚང4867ལ་ཕན་བཏགས་ཡོད། རོང་འབྲོག་སྡེའི་རོགས་དངུལ་མཐུན་ཚོགས་ལ་གཞོགས་ འདེགས་བྱེད་ཤུགས་ཆེ་རུ་བཏང་ནས། ནོར་སྲིད་ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་དྲུག་བཏང་བ་དང་། གྲོང་ཁྱེར་ནོར་སྲིད་ཀྱིས་ཆ་འགྲིག་དབུལ་ཕོངས་སྡེ་བའི་རོགས་སྐྱོར་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་དྲུག་བཏང་ནས། དབུལ་སྐྱོར་གཞོགས་འདེགས་ཀྱི་དངུལ་རྩའི་མཐུན་ཚོགས39བཙུགས་པས། གྲོང་ཁྱེར་ ཡོངས་ཀྱི་རང་བྱུང་སྡེ་བ251ལ་ཕན་ཐོགས་པ་དང་། གཙོ་གནད་དབུལ་ཕོངས་སྡེ་བའི་ རོགས་སྐྱོར་མ་དངུལ་སྒོར་འབུམ་དྲུག་དང་ཁྲི་ལྔ་ཡིན་ལ། སྡེ་བ་གཞན་པའི་རོགས་དངུལ་སྒོར་འབུམ་བཞི་ཡིན། དངུལ་རྩའི་སྡེ་ཁག་སྣ་ཚོགས་ཀྱིས་ཤང་དང་སྡེ་བ་ལ་ཞབས་འདེགས་སྒྲུབ་པར་སྣེ་འཁྲིད་དང་རྒྱབ་སྐྱོར་གང་ལེགས་བྱས་ནས། ཤང་དྲུག་ལ་དངུལ་རྩའི་ལས་ཁུངས་ཀྱི་ཞབས་ཞུ་ཁང་བཙུགས་ཡོད་པ་དང་། སྲིད་འཛིན་སྡེ་བ་39ལ་དངུལ་རྩའི་དམངས་ཕན་ཞབས་ཞུ་ཁང་ཡོད་ལ། དབུལ་ཕོངས་སྡེ་བ་ཚང་མར་དངུལ་རྩའི་དམངས་ཕན་ཞབས་ཞུ་ཁང་བཙུགས་ཡོད། དམངས་ཕན་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད་ནས། རོང་འབྲོག་སྡེའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་འཇགས་བཅས་ལ་ཤུགས་དང་ལྡན་པའི་སྒོ་ནས་སྐུལ་འདེད་བྱས་ཡོད། །

〔གསར་འགོད་པ། ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཚེ་རིང་རྡོ་རྗེ།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།