ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཁྲིན་ཧུའེ་ཡིས་ཅོ་ནེ་དང་ལིན་ཐན་རྫོང་གཉིས་སུ་གཞི་རིམ་གྱི་ཏང་གི་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2017-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་ལམ་ངོས་ཀྱི་ཁ་བ་མ་ཞུ་བར་བགྲོད་དཀའ་བའི་དཀའ་ངལ་ལ་མ་འཛེམས་པར། ཅོ་ནེ་དང་ལིན་ཐན་རྫོང་དུ་སོང་ནས་གཞི་རིམ་གྱི་ཏང་གི་འཛུགས་སྐྲུན་དང་གཏན་འཇགས་སྲུང་སྐྱོང་། གནད་ཁེལ་དབུལ་ཐར། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་སོགས་ཀྱི་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས། ཡུས་ཁྲིན་ཧུའེ་ཡིས་གཞི་རིམ་དུ་ཟབ་ཞུགས་དང་སྟོབས་ཤུགས་འོག་རིམ་དུ་འདོན་པ། ཞབས་ཞུ་གཞི་རིམ་ལ་ཕྱོགས་པ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ལ་བློ་དཀར་བ་དང་དོན་དངོས་སྒྲུབ་པའི་བྱ་བའི་སྤྱོད་སྟངས་ལ་བརྟེན་ནས། རྒྱུན་རིང་གཏན་འཇགས་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་བསྟན། 

“ཨུ་གཉིས”ཀྱི་འགོ་ཁྲིད་ཚན་ཁག་ནི་རོང་འབྲོག་སྡེ་བའི་མཐུན་སྒྲིལ་གཏན་འཇགས་དང་ཡར་རྒྱས་གོང་འཕེལ། འབྱོར་འབྲིང་འཛུགས་སྐྲུན་གྱི་བཙན་རྫོང་བརྟན་པོ་ཡིན་པས། རོང་འབྲོག་སྡེ་བའི་ཁྲོད་དུ་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཡུས་ཁྲིན་ཧུའེ་ཡིས་གསར་དུ་བདམས་ཐོན་བྱུང་བའི་ཉིན་པ་དང་བརྒྱ་མཆེད་ཀྱི“ཨུ་གཉིས”ཀྱི་འགོ་ཁྲིད་ཚན་ཁག་ལ་སེམས་ཁུར་ཟབ་མོ་བྱས་ཡོད། ཁོས་ཉིན་པ་དང་བརྒྱ་མཆེད་སྡེ་བ་གཉིས་ཀྱི་གནས་ཚུལ་བཟང་ཕྱོགས་སུ་འཁོར་བ་དེ་ཀྲུང་དབྱང་དང་། ཞིང་ཆེན་དང་ཁུལ་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་རམ་རྒྱབ་སྐྱོར་དང་འབྲལ་ཐབས་མེད་ལ། རྫོང་རིམ་པ་དང་ཤང་གི་རིམ་པ་སོ་སོའི་འབྲེལ་ཡོད་ལས་བྱེད་པའི་དཀའ་སྤྱད་འབད་བརྩོན་དང་། སྡེ་བའི“ཨུ་གཉིས”ཀྱི་འགོ་ཁྲིད་ཚན་ཁག་དང་འབྲལ་ཐབས་མེད་པས། ངེས་པར་དུ་གོང་རིམ་གྱི་ཡང་དག་པའི་འགོ་ཁྲིད་འོག་ཏུ་ཉིན་པ་དང་བརྒྱ་མཆེད་ཀྱི་དོན་རྐྱེན་ཞོད་འཇགས་སུ་བཏང་སྟེ། གོམ་སྟབས་བརྟན་པོས་འབྱོར་འབྲིང་སྤྱི་ཚོགས་ལེགས་གྲུབ་འབྱུང་བར་འབད་དགོས་ཞེས་བསྟན། དེར་མཐུད་ནས་ཡུས་ཁྲིན་ཧུའེ་ཆས་པའི་གཤིས་བཀྲ་ཤིས་ཆོས་འཁོར་གླིང་དུ་སོང་ནས། ཁུལ་དང་རྫོང་གི་དགོན་པ་རུ་སྡོད་པའི་བྱ་བྱེད་ཚན་ཆུང་ལ་འཚམས་འདྲི་བྱས་ཤིང་། དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་གླེང་མོལ་བྱས།

དེའི་རྗེས་སུ་ཡུས་ཁྲིན་ཧུའེ་ལིན་ཐན་རྫོང་གུར་ཆེན་ཤང་དང་ཅོ་ནེ་རྫོང་ཝ་དམར་ཤང་དུ་སོང་ནས། གྲོང་སྡེའི་གཏན་འཇགས་སྲུང་སྐྱོང་བྱ་བའི་ལས་འགན་དོན་འཁྱོལ་བྱས་པའི་གནས་ཚུལ་དང་། མང་ཚོགས་ཀྱི་བྱ་བ་སྤེལ་བའི་གནས་ཚུལ་སོགས་ལ་རྒྱུས་ལོན་གསལ་བོ་བྱས། 

ས་སྲོད་ཀྱི་མཚམས་སུ། ཡུས་ཁྲིན་ཧུའེ་ཨ་བཟི་ཐང་ཤང་སྐམ་པོ་ཐང་སྡེ་བའི་སྡེ་མི་ཉིང་ཧྲི་ཀྲུང་གི་ཁྱིམ་དུ་སོང་ནས་ཉིང་ཧྲི་ཀྲུང་གི་བྱིས་པར་རླངས་འཁོར་གྱི་དོན་རྐྱེན་བྱུང་བས། ནད་དང་ན་ཚ་མང་པའི་རྒན་རྒོན་གཉིས་ཀྱིས་ལོ 6དང་ལོ 4ཅན་གྱི་ཚ་བོ་གཉིས་རྒྱུན་དུ་གཉོར་སྐྱོང་བྱེད་པའི་དཀའ་ཁག་ཆེ་བའི་གནས་ཚུལ་ལ་རྒྱུས་ལོན་བྱུང་རྗེས། ཁོ་གཉིས་ལ་འཚམས་འདྲིའི་དངུལ་བསྐྱལ་བ་མ་ཟད་ཁྱིམ་མི་ཚོ་ངེས་པར་དུ་དཀའ་ཁག་ལས་རྒྱལ་བ་བྱས་ཏེ། བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་དགོས་པའི་སྐུལ་མ་བཏང་ལ། ཁོང་གི་འགྲོ་རོགས་རྣམས་ལ་ཉིང་ཧྲི་ཀྲུང་གི་ཁྱིམ་མིའི་འཚོ་བར་སེམས་ཁུར་བྱ་དགོས་པར་ནན་མངག་བྱས་ནས། ཁོ་ཚོར་ཏང་དང་སྲིད་གཞུང་གི་དྲོད་ཁོལ་ཚོར་དུ་བཅུག 

ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དབྱང་སྒྲོལ་མ་དང་། ཁུལ་ཨུའི་གཞུང་སྒྲུབ་ཁང་དང་ཁུལ་དམངས་སྲིད་ཅུས་ཀྱི་འགན་ཁུར་བློ་མཐུན་གྱིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།