ཀྲུང་གོ་བོད་ཀྱི་དྲ་བ།

བསང་ཆུ་རྫོང་གིས་ནུས་ཤུགས་ཡོད་དགུ་བཏོན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བར་བསྐྱོད་སྐབས་ཁྱད་ཆོས་འབུར་དུ་ཐོན་པའི་ཁང་བ་གསར་བ་རེ་རེ་དང་བདེ་ཞིང་ཁོད་སྙོམས་པའི་སྡེ་ལམ་བཅས་ཀྱིས་སྡེ་བ་དེ་བས་མཛེས་སྡུག་ལྡན་པར་གྱུར་པ་དང་། མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་གསར་རྐྱང་གི་རྣམ་པ་དང་འཆམ་མཐུན་དཔལ་ཡོན་གྱི་རྣམ་པ་ཞིག་ཚང་མའི་མིག་གི་དཔྱིད་དུ་གྱུར།

2016ལོ་ནས་བཟུང་། བསང་ཆུ་རྫོང་གི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པར་ཁུལ་གྱིས་སྡེ་བ44གཏན་ཁེལ་བྱས་ཡོད། ཨ་མཆོག་ས་ཁུལ་དུ་སྡེ་བ16དང་བང་གུར་ཐང་གྲོང་རྡལ་དུ་སྡེ་བ4དང་ཐང་དཀར་ནང་ཤང་གི་སྡེ་བ1བཅས་གསར་དུ་བསྣན་པ་དང་། བསྡོམས་པས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ65ཡོད་པ་དང་རགས་རྩིས་བྱས་ན་སྤྱིའི་གཏོང་དངུལ་སྒོར་དུང་ཕྱུར5ཡོད། མིག་སྔར། ལས་གཞི་འཛུགས་སྐྲུན་གྱི་བྱ་བ་ཕྱོགས་ཡོངས་ནས་གྲུབ་པ་དང་། ཨར་ལས་ཀྱི་འཕེལ་རིམ་དེ95% ཡན་དུ་བསླེབས།

“སྐྱེ་ཁམས་དཔལ་འབྱོར”ལས་གཞི་འཛུགས་སྐྲུན་ཐད་དུ་མི་ཕྱུགས་སོ་སོར་འབྱེད་པའི་དྲོད་ཁང་འཛུགས་སྐྲུན་ལས་གཞི་བརྒྱུད་དེ་རོང་འབྲོག་མང་ཚོགས་ལ་གཅིག་བསྡུས་གསོ་སྤེལ་བྱེད་པར་ཁྲིད་སྟོན་བྱས་བཞིན་གསོ་སྤེལ་གྱི་ཆེད་ལས་མཉམ་ལས་ཁང་རིམ་བཞིན་འཕེལ་རྒྱས་སུ་བཏང་། ཁྱད་ལྡན་ཐོན་ལས་གཞི་ཁྱོན་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་ནས། འཕེལ་རྒྱས་གཏོང་སྟངས་དེ་རགས་ལས་ཅན་ནས་ཞིབ་ལས་ཅན་དུ་འགྱུར་བ་མངོན་འགྱུར་བྱུང་། མ་དངུལ་སྒོར་ཁྲི127.5བཏང་ནས་རིགས་མི་འདྲ་བའི་ཆེད་ལས་མཉམ་ལས་ཁང16ལ་རོགས་སྐྱོར་བྱས་པ་དང་། འབྱོར་བ་ཞན་པའི་ཁྱིམ་ཚང95སྐུལ་ཁྲིད་བྱས་ཤིང་། མ་དངུལ་སྒོར་ཁྲི90བཏང་ནས་ཞིང་ཁྱིམ་སྤྲོ་ར་དང་འབྲོག་ཁྱིམ་སྤྲོ་ར་ཁྱིམ་ཚང 30ལ་རོགས་སྐྱོར་བྱས་པ་དང་། ཁྱིམ་ཚང་རེར་སྒོར་ཁྲི 3རེ་ཡིས་ཁ་གསབ་བྱས། མདའ་མེ་ཤང་རྡང་བུས་མདོ་སྡེ་བ་དང་འབོ་ར་ཤང་ལོ་ཡག་ཐང་སྡེ་བར་བོད་ཁྱིམ་སྤྲོ་ར་ཁྱིམ་ཚང30གོང་འཕེལ་དུ་བཏང་། ཡུལ་སྐོར་ཆེད་ལས་ཀྱི་སྡེ་བར་གཞི་ཁྱོན་ཐོག་མ་ཆགས་པ་དང་། རྒྱུད་བཟང་ལུག་གསོ་སྤེལ་ལས་གཞིས་འབྱོར་བ་ཞན་པའི་ཁྱིམ་ཚང92ལ་རོགས་སྐྱོར་བྱས་པ་དང་། མ་དངུལ་སྒོར་ཁྲི147.4བཏང་སྟེ་ཁྲོམ་དང་རྒྱུད་བཟང་མ་མོ1474ནང་འདྲེན་བྱས་ཤིང་། ལུག་རེར་སྒོར1000རེ་ཁ་གསབ་བྱས། རྒྱུད་བཟང་ནོར་ནང་འདྲེན་གྱི་ལས་གཞིས་འབྱོར་བ་ཞན་པའི་ཁྱིམ་ཚང225ལ་རོགས་སྐྱོར་བྱས་པ་དང་མ་དངུལ་སྒོར་ཁྲི30བཏང་ནས་བླ་བྲང་གྲོང་རྡལ་སྔོན་ཆགས་སྡེ་བ་ནས་ཐང་ནག་ཞོལ་མ་སྡེ་བའི་བར་གྱི་ཞིང་ཁར་ཆུ་འདྲེན་ཆུ་རྐ་སྨི500འཛུགས་སྐྲུན་བྱས།  རྫོང་དེའི་ཡུལ་སྐོར་ཆེད་ལས་སྡེ་བའི་འཐུས་ཚབ་མི་སྣ20ལྷག་རྩ་འཛུགས་བྱས་ནས་ལིན་ཐན་རྫོང་འགོ་ནང་ཐང་གྲོང་རྡལ་གྱི་ཁྲི་ཀུའུ་སྡེ་བ་དང་ཏེན་ཀོའུ་སྡེ་བར་སོང་ནས་ཡུལ་དངོས་སུ་ལྟ་སྦྱོང་བྱས། རིམས་འགོག་སྨན་པ་དང་རྩྭ་ས་དོ་དམ་པ། ཆ་འཕྲིན་པ། ཆེད་ལས་མཉམ་ལས་ཁང་གི་གསོ་སྤེལ་ཁྱིམ་ཆེན། ཕྱུག་འགྱུར་གྱི་སྣེ་ཁྲིད་མི་སྣ་བཅས་མི་ཐེངས111གསོ་སྦྱོང་བྱས་ཤིང་། མི2103ལ་རྐང་གསུམ་འཁོར་ལོ་ཞིག་གསོ་དང་ཟ་མ་གཡོས་སྦྱོར། གློག་གི་ཚ་ལ་སོགས་ཀྱི་ལག་རྩལ་ཐད་གསོ་སྦྱོང་བྱས། གསོ་སྦྱོང་ལ་ཞུགས་མཁན་ཁྲོད་དུ་དཔང་ཡིག་ཐོབ་མཁན60%ཡན་ལ་བསླེབས།

སྐྱེ་ཁམས་དཔལ་ཡོན་གྱི་ལས་གཞི་འཛུགས་སྐྲུན་ཐད་དུ་མ་དངུལ་སྒོར་ཁྲི590བཏང་ནས་སྡེ་བའི་ཕྱོགས་བཞིའི་ལྗང་འགྱུར་ལས་གཞི་འཛུགས་སྐྲུན་ལ་བཀོལ་བ་དང་། ལྗང་འགྱུར་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི12.57 གྲུབ། རྫོང་ཡོངས་ཀྱི་རང་བྱུང་སྡེ་བ་སོ་སོའི་གད་སྙིགས་ཐག་གཅོད་དཀའ་བའི་གནད་དོན་ཐག་གཅོད་བྱ་ཕྱིར། མ་དངུལ་སྒོར་ཁྲི365བཏང་ནས་རང་བྱུང་སྡེ་བ་སོ་སོར་སྟབས་བདེའི་གད་སྙིགས་ཐག་གཅོད་བྱ་ཡུལ་འཛུགས་སྐྲུན་བྱས། མ་དངུལ་སྒོར་ཁྲི122བཏང་ནས་གད་སྙིགས་འདྲེན་བྱེད་ཀྱི་རྐང་གསུམ་འཕྲུལ་འཁོར49ཉོས་ནས་རང་བྱུང་སྡེ་བ་སོ་སོར་བཀོད་སྒྲིག་བྱས། མ་དངུལ་སྒོར་ཁྲི62བཏང་ནས་གད་སྙིགས་གཅིག་སྡུད་བླུག་སྒམ137ཉོ་སྒྲུབ་བྱས་པ་དང་། མ་དངུལ་སྒོར་ཁྲི90བཏང་ནས་ཤིང་ཏོག་གི་ཤུན་ལྤགས་འཕེན་སྒམ1110ཉོ་སྒྲུབ་བྱས་ཤིང་། ད་ལྟ་ཚང་མ་སྒྲིག་སྦྱོར་བྱས་ནས་བཀོལ་སྤྱོད་བྱེད་བཞིན་ཡོད།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།