ཀྲུང་གོ་བོད་ཀྱི་དྲ་བ།

འབྲུག་ཆུ་རྫོང་གིས་ནུས་ཤུགས་ཡོད་རྒུས་ཁོར་ཡུག་སྦགས་བཙོག་འགོག་བཅོས་བྱེད་པའི་བྱ་བ་ནན་འཛིན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གིས་སྦགས་བཙོག་ཇེ་ཉུང་དུ་གཏོང་བ་དང་ཁོར་ཡུག་བདེ་འཇགས་ལ་འགན་སྲུང་བྱེད་པ་དམིགས་ཡུལ་དུ་བཟུང་ཞིང་། མང་ཚོགས་ཀྱི་བདེ་ཐང་ལ་གནོད་པ་དང་རྒྱུན་མཐུད་འཕེལ་རྒྱས་ལ་རྐྱེན་ངན་ཐེབས་པའི་འབུར་དུ་ཐོན་པའི་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་པ་གཙོ་གནད་དུ་བཟུང་ནས། རྒྱུན་ཆད་མེད་པར་རླུང་ཁམས་ཆེན་མོ་དང་ཆུའི་ཐོན་ཁུངས། ས་རྒྱུར་སྦགས་བཙོག་བཟོ་བ་འགོག་བཅོས་བྱས།  

སྦགས་བཙོག་གི་འགོ་ཁུངས་ལ་འགོག་བཅོས་དང་ཚོད་འཛིན་བྱེད་པར་ཤུགས་བསྣན་པ། སྦགས་བཙོག་བྱེད་ཤུགས་ཆེ་བ་དང་ཐོན་ཁུངས་ཟད་གྲོན་ཆེ་བའི་ལས་གཞི་ལ་ཆོག་མཆན་མི་འགོད་པ་དང་། ཐོན་ལས་སྲིད་ཇུས་དང་མི་འཚམ་པའི་ཁེ་ལས་རྣམས་ཁྲིམས་ལྟར་སྒོ་རྒྱག་ཏུ་བཅུག་སྟེ། གཟབ་ནན་སྒོས་སྦགས་བཙོག་གཏོང་བའི་ཐོབ་དབང་དོ་དམ་ལག་བསྟར་བྱས། བཙོག་ཆུ་ཐག་གཅོད་བཟོ་གྲྭ་སོགས་ཁེ་ལས་དང་སྦགས་བཙོག་ཇེ་ཉུང་དུ་གཏོང་བའི་དམིགས་འབེན་འགན་འཁྲིའི་ཡི་གེ་བཞག་ནས། སྦགས་བཙོག་དངོས་པོ་ཕྱིར་གཏོང་བའི་ཚད་གཞི་ཁྱབ་བསྒྲགས་བྱས་ཏེ། གཏེར་བཟོའི་ཁེ་ལས་ཀྱི་ཐོན་ཁུངས་གྲོན་ཆུང་དང་སྦགས་བཙོག་ཉུང་དུ་གཏོང་བའི་འགན་འཁྲི་ཇེ་ཞིབ་ཏུ་བཏང་། 

སྦགས་བཙོག་ལ་འགོག་བཅོས་བྱེད་པའི་ལས་གཞི་ལག་བསྟར་བྱེད་ཤུགས་ཇེ་མགྱོགས་སུ་བཏང་བ། སྔ་རྗེས་སུ་མ་དངུལ་སྒོར་ཁྲི300ཡིན་པའི་ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་ལས་གཞི་དང་། མ་དངུལ་སྒོར་ཁྲི30ཡིན་པའི་ཏ་ཁྲོན་གྲོང་རྡལ་གྱི་ཐུང་ཧྭ་ཐོའུ་གྲོང་སྡེའི་དབུལ་ཕོངས་སྡེ་བའི་ཁོར་ཡུག་སྒྲིག་བཅོས་ལས་གཞི། སྤྱིའི་མ་དངུལ་སྒོར་ཁྲི270ཡིན་པའི་ཀླུ་རྩེད་གྲོང་རྡལ་གྱི་ལ་ཀ་སྡེ་བ་སོགས་ས་གནས 7གྱི་འཐུང་ཆུའི་ཆུ་འགོའི་སྲུང་སྐྱོབ་ལས་གཞི་སོགས་ལེགས་གྲུབ་བྱུང་། 

སྦགས་བཙོག་ལ་འགོག་བཅོས་བྱེད་པའི་བྱེད་ཐབས་ལག་བསྟར་དོན་འཁྱོལ་བྱས་པ། གྲོང་ཁྱེར་གྱི་བཙོག་ཆུ་ཐག་གཅོད་བཟོ་གྲྭ་དང་གད་སྙིགས་ཕུང་གསོག་ར་བ་གསར་རྙིང་ཚང་མའི་བཀོལ་སྤྱོད་དོ་དམ་ལ་ཤུགས་བསྣན་ཞིང་། གྲོང་ཁུལ་གྱི་གད་སྙིགས་དེ་ཉིན་གཅིག་གི་ནང་དུ་བྱུང་བའི་གད་སྙིགས་ཚང་མ་ཉིན་གཅིག་ལ་གཙང་དག་བྱེད་པ་དང་། ཁོར་ཡུག་གཙང་སྦྲ་བྱེད་མཁན་གྱིས་ཉིན་གང་བོར་གཙང་སྦྲ་བྱས་ཏེ། གྲོང་ཁུལ་གྱི་བཙོག་ཆུ་གཅིག་བསྡུས་སྒོས་ཐག་གཅོད་བྱེད་ཚད་དང་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་ཐག་གཅོད་བྱེད་ཚད་སོ་སོ67%དང80% ཡིན་པ་རྒྱུན་འཁྱོངས་བྱས། 

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཤུགས་ཚད་ཇེ་མཐོར་བཏང་བ། ཕྱོགས་ཡོངས་ནས་རིམ་པ་གསར་བའི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རོགས་དངུལ་གྱི་བྱ་དགའ་བྱིན་པའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། བྱ་དགའི་རོགས་དངུལ་སྒོར་ཁྲི1192.25འགྲེམ་གཏོང་བྱས། སྐོར་སྐྱོད་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས། ནུས་ཤུགས་ཡོད་རྒུས་མིའི་སྡོད་གནས་ཀྱི་ཁོར་ཡུག་དང་ཡུལ་སྐོར་ཁོར་ཡུག་ཇེ་ལེགས་སུ་བཏང་།

ངེས་པ་དོན་གྱིས་ཁོར་ཡུག་ལྟ་ཞིབ་ཚད་ལེན་བྱ་བར་ཤུགས་བསྣན་པ། སྦགས་བཙོག་བཟོ་བའི་འགོ་ཁུངས་ལ་ཚད་ལེན་ཚོད་འཛིན་བྱེད་པར་ཤུགས་བསྣན་ནས། དུས་ཐོག་ཏུ་ཚད་ལེན་ཞིབ་བཤེར་བྱས་པའི་མཇུག་འབྲས་ཁྱབ་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས། ཚད་ལེན་ཞིབ་བཤེར་བྱས་པ་བརྒྱུད། ལོ་སྟོད་དུ་རྫོང་ཡོངས་ཀྱི་གཅིག་བསྡུས་ཀྱི་འཐུང་ཆུའི་འགོ་ཁུངས་ཀྱི་ཆུའི་སྤུས་ཚད་དང་། འབྲུག་དཀར་གཙང་བོའི་ས་ངོས་ཆུའི་སྤུས་ཚད་ཚད་གཞི་ཚང་མ100%ལ་བསླེབས། མཁའ་དབུགས་སྤུས་ཚད་ཚད་རིམ་ལོན་པའི་ཉི་མ167ཡོད་ལ། ས་ཁོངས་ཁོར་ཡུག་དང་འགྲིམ་འགྲུལ་སྲང་ལམ་གྱི་འཛེར་སྒྲ་ཚང་མ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཚད་གཞི་དང་མཐུན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།