ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོའི་བསང་ཁོག་རྩྭ་ཐང་གི་སྟོན་མགོའི་མཛེས་ལྗོངས།

ཡོང་ཁུངས། : ཀྲུང་གོའི་བོད་ལྗོངས་དྲ་བ།      སྤེལ་དུས། : 2017-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1503889123603321.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས23ཉིན་གྱི་ཞོགས་པར་ཀྲུང་གོའི་ཞི་བདེ་གཅིག་གྱུར་སྐུལ་འདེད་ཚོགས་པས་སྤེལ་བའི་“རྒྱལ་ཁབ་ཕྱི་ནང་གི་ཧྭ་བུན་སྨྱན་གཟུགས་ཀན་སུའུ་བོད་ཡུལ་དུ་བསྐྱོད་པའི” གསར་འགོད་པ་སྟོན་མཇུག་གི་ཆར་ཟིམ་ཁྲོད།  བླ་བྲང་རྫོང་མཁར་གྱི་ལྷོ་ནུབ་ཀྱི་སར་སྤྱི་ལེ་གཅིག་ཙམ་ཡོད་པའི་བསང་ཁོག་རྩྭ་ཐང་དུ་འབྱོར་བ་དང་སྤྲིན་དཀར་གྱི་འདུ་འགོད་བར་མེད་རྩེན་ཞིང་ལང་ལོང་གི་སྨུག་པ།  དྭངས་གཙང་གི་ཆུ་བོ།  རྟ་མཆོག་གི་རྨིག་སྒྲ།  ལྷིང་འཇགས་ཀྱི་རྩྭ་ཐང་ནི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད།

མཚམས་སྦྱོར་བྱས་པ་ལྟར་ན། བསང་ཁོག་རྩྭ་ཐང་ནི་ཀན་སུའུ་ས་ཆའི་མིང་དུ་གྲགས་པའི་རྩྭ་ཐང་ཞིག་ཡིན་ལ། བོད་ཀྱི་མང་ཚོགས་ཀྱི་གནའ་སྔ་མོའི་དུས་ནས་རང་བྱུང་གི་རྩྭ་ར་ཆེན་པོ་ཞིག་ཀྱང་ཡིན། བསང་ཁོག་རྩྭ་ཐང་གི་ཕྱོགས་བཞི་མཚམས་བརྒྱད་ནི་རྔམ་བརྗིད་ལྡན་པའི་རི་ཚོགས་ཀྱིས་བསྐོར་ཞིང་བར་དུ་ཡངས་ཤིང་རྒྱ་ཆེ་བའི་མཐོ་སྒང་གི་རྩྭ་ཐང་ཡོད།  བླ་བྲང་གི་བསང་ཆུ་སྔོན་མོ་ལྷོ་ནས་བྱང་དུ་དལ་གྱིས་འབབ་ལ།  རྩྭ་ཆུ་འཛོམས་ཤིང་ཡུལ་ལྗོངས་མཛེས།  ལོ་རེར་དབྱར་ཁར་དལ་བུ་དལ་བུར་སླེབས་དུས། བསང་ཁོག་རྩྭ་ཐང་ནི་སྔོ་ལྗང་གི་ས་གདན་བཏིང་བ་ལྟར་སྙིང་དུ་སྡུག་པར་མ་ཟད།  མེ་ཏོག་སྣ་བརྒྱ་ལྷམ་མེར་བཞད་ཅིང་གང་ས་གང་དུ་བསང་ཁོག་རྩྭ་ཐང་གི་བོད་ཀྱི་འཚོ་བར་རོ་མྱོང་བྱེད་དུ་འོང་བའི་ལྗོངས་རྒྱུ་ལྟ་བསྐོར་དུ་འོང་བའི་མགྲོན་པོས་བཀང་ཡོད་པ་རེད།

1503889123938586.jpg

བསང་ཁོག་རྩྭ་ཐང་མ་གཏོགས་ཀན་ལྷོ་རུ་མཛེས་ཤིང་ལྟ་ན་སྡུག་པའི་རང་བྱུང་གི་རྩྭ་ཐང་མང་བོ་ཡོད་དེ།  གཙོ་བོ་རྨ་ཆུ་དང་བླ་བྲང་།  ཀླུ་ཆུ་གསུམ་དུ་ཁྱབ་པར་མ་ཟད།  དེའི་ཁྲོད་མིང་གྲགས་ཆེ་བ་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ནུབ་ཏུ་ཡོད་པའི་རྨ་ཆུའི་རྩྭ་ཐང་ཡིན། དེ་ལ་“ཨེ་ཤ་ཡའི་རྩྭ་ར་དང་བོ་ ”ཞེས་སྙན་པའི་གྲགས་པ་ས་སྟེང་ཀུན་ལ་ཁྱབ།  རྨ་ཆུའི་རྒྱུད་ཀྱི་སྤྱི་ལེ་གྲུ་བཞི་མ་ཁྲི་གཅིག་ཡོད་པའི་རྩྭ་ཐང་ཆེན་པོའི་སྟེང་ནས་ལྷོ་ནུབ་ནས་བསྐྱོད་ཚེ།  རྨ་ཁུག་དགུ་བའི་ཁྲོད་ཀྱི་དང་བོ་མཐོང་བདང་།  འདི་རུ་མིང་དུ་གྲགས་པའི་མཛེས་སྡུག་ཡིད་འོང་གི་རྩྭ་ཐང་ཡུལ་ལྗོངས་གཞན་དང་མི་མཚུངས་པ་ཞིག་མཐོང་ཐུབ།  དཔེར་ན།  མེ་ཏོག་གི་ལུང་བ་སྟེ་མེ་ཏོག་གི་རྫིང་བུའི་ཡུལ་ལྗོངས་ཀྱིས་བརྒྱན་པའི་རྩྭ་ཐང་ལྟ་བུ།

1503889123335088.jpg

ཀན་ལྷོའི་རྩྭ་ཐང་ནི་ཀན་སུའུ་ཞིང་ཆེན་གྱི་ལྷོ་ནུབ་ཏུ་ཡོད་ལ།  ལྷོ་ནི་སི་ཁྲོན་དང་འབྲེལ་ཞིང་ནུབ་ནི་མཚོ་སྔོན་དང་འབྲེལ་བ།  ས་བབ་མཐོ་སྒང་གི་འཁྱག་ངར་ཆེ་བའི་བརླན་གཤེར་རྩྭ་ཐང་དུ་གཏོགས་ཤིང་མཚོ་ངོས་ལས་སྨིད3000ཡན་ཡོད་པ་དང་།  ལོ་རེའི་ཆར་འབབ་ཚད་ནི་ཧོའོ་སྨིད600~810བར་ཡིན།  ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད4℃ཡིན་པ་དང་།  དེའི་ཁྲོད་དབྱར་དུས་ཀྱི་ཆ་སྙོམས་དྲོད་ཚད8~14℃ཡིན་པས།  གྲང་ལ་དྲོད་ཁོལ་འཛོམས་པའི་མཛེས་སྡུག་གི་རྩྭ་ཐང་ཞིག་ཡིན།

1503889123995970.jpg

2010ལོར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤེལ་བའི་རྒྱལ་ཡོངས་ཀྱི་ནུས་ཤུགས་གཙོ་བོའི་ཁུལ་དུ་འཆར་བཀོད་བཟོས་པར་མ་ཟད།  མི་འགྱངས་པར་རྨ་ཆུ་དང་བླ་བྲང་།  ཀླུ་ཆུ། གཙོད།  ཅོ་ནེ།  བ་ཙེ་སོགས་རྫོང་དང་གྲོང་ཁྱེར་དྲུག་ནི་རྒྱལ་ཁབ་རིམ་པའི་ཀན་ལྷོའི་རྨ་ཆུའི་རྒྱུད་ཀྱི་ཆུའི་ཐོན་ཁུངས་ཀྱི་ནུས་པ་འཛོམས་པའི་ཁུལ་གཙོ་བོར་གྱུར་བ་དང་།  ཀན་ལྷོ་ཁུལ་གྱིས་སྲུང་སྐྱོབ་དང་འཕེལ་རྒྱས།  འཆམ་མཐུན་གྱི་འབྲེལ་བའི་རྩ་བའི་འཐབ་ཇུས་གཏན་འབེབས་བྱས།  ཁྱོན་ཡོངས་ནས“སྐྱེས་ཁམས་ས་ཁུལ་དུ་དངོས་འབེབས་བྱས་པ་དང་། སྐྱེས་ཁམས་ཀན་ལྷོ་རུ་འཛུགས་བསྐྲུན་བྱེད་རྒྱུ་རེད།  སྐྱེས་ཁམས་ཁོར་ཡུག་གི་གཞི་རྩའི་དཔལ་འབྱོར་རྒྱུད་མཐུད་འཕེལ་རྒྱས་སྲུང་སྐྱོབ་དང་འཛུགས་བསྐྲུན་བྱེད་རྒྱུ་ཡིན་པ་དང་། སྔོ་ལྗང་གི་རི་བོ་དང་གཙང་བོ་སྲུང་གྱུར་ན།  བུ་རབས་ཚ་རྒྱུད་ཀྱི་ཁེ་ཕན་བླ་ན་མཐོ།  ཞེས་པ་འདི་ནི་ཀན་ལྷོའི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་འབོད་པ་དང་རྟོགས་སད་ཀྱི་ང་རོ་ཞིག་ཡིན་ནོ།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།