ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཡིས་བུ་བཅོལ་ཁང་ནས་མཐོ་རིམ་ལས་རིགས་སློབ་གསོའི་བར་གྱི་སློབ་མར་རོགས་དངུལ་སྤྲོད་པའི་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས20ཉིན། ཉེ་ཆར། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས《ཀན་སུའུ་ཞིང་ཆེན་གྱི་སློབ་གསོ་ཕྱོགས་བསྡུས་སྒྱུར་བཅོས་ཀྱི་གཙོ་གནད་སྐུལ་འདེད་དོན་ཚན་གྱི་ལག་བསྟར་ཇུས་གཞི》བཏོན་ཅིང་། དེའི་ནང་སློབ་གསོ་ཕྱོགས་བསྡུས་སྒྱུར་བཅོས་བྱེད་རིང་སློབ་མར་རོགས་དངུལ་སྤྲོད་པའི་འགན་ལེན་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་རོགས་དངུལ་སྤྲོད་པའི་འགན་ལེན་མ་ལག་འཛུགས་སྐྱོང་བྱས་པ་བརྒྱུད། “སློབ་གྲྭར་བཏང་བའི་དབང་གིས་དབུལ་པོ་ཆགས་པའི”དུད་ཚང་གིས་ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་བསྡུར་གྲངས་བཟུང་ཚད2015ལོའི13%ནས2018ལོའི5%མན་བར་ཆག་པར་བྱ་རྒྱུ་དང་དུད་ཚང་དབུལ་པོའི་སློབ་མར་བུ་བཅོལ་ཁང་ནས་མཐོ་རིམ་ལས་རིགས་སློབ་གསོའི་བར་གྱི་སྤུས་ཚད་མཐོ་བའི་རིན་མེད་སློབ་གསོ་དང་ལེན་ཐུབ་པ་ཧུར་ཐག་བྱས་ཏེ་དབུལ་ཕོངས་མི་རབས་བརྒྱུད་སྤྲོད་ཀྱི་རྩ་བ་གཞི་རྩའི་ཆ་ནས་གཅོད་རྒྱུ་ཡིན་ཞེས་གསལ་པོ་བཏོན་ཡོད་པ་རེད།

《ཇུས་གཞིའི》ནང་ཀན་སུའུ་ཞིང་ཆེན་གྱིས་སློབ་མ་རེར་སློབ་ལོ་རེར་སྒོར1000གི་ཚད་གཞི་གཞིར་བཟུང་། ཞིང་ཆེན་ཡོངས་ཀྱི་གཞུང་བཙུགས་དང་ཀུན་ཕན་རང་བཞིན་གྱི་དམངས་བཙུགས་བུ་བཅོལ་ཁང་གི་ཐེམ་ཁོངས་ཀན་སུའུ་ནས་ཡིན་པའི་ལོ་གསུམ་ནས་དྲུག་བར་གྱི་བུ་བཅོལ་ཁང་དུ་ཡོད་པའི་བྱིས་པའི་སློབ་གསོའི་གྲོན་དངུལ(ཁ་གསབ)ཆག་ཡང་དང་རྩ་ཆག་གཏོང་རྒྱུ་དང་། སློབ་མ་རེར་སློབ་ལོ་རེར་སྒོར2000གི་ཚད་གཞི་གཞིར་བཟུང་། འབྲིང་རིམ་ལས་རིགས་སློབ་གྲྭའི་ཐེམ་ཁོངས་དེ་གར་ཡོད་པའི་ལོ་རིམ་དང་པོ་ནས་གསུམ་པའི་བར་གྱི་ཉིན་གང་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མའི་སློབ་ཡོན་རྩ་ཆག་གཏོང་རྒྱུ། ཉིན་གང་ལམ་ལུགས་ཀྱི་དངོས་གཞིའི་སློབ་ཁོངས་ཀྱི་ལོ་རིམ་དང་པོ་དང་གཉིས་པའི་སློབ་གྲྭར་ཡོད་པའི་ཞིང་འབྲེལ་ཆེད་ལས་ཀྱི་སློབ་མ་དང་ཞིང་འབྲེལ་མིན་པའི་ཆེད་ལས་ཀྱི་དུད་ཚང་དབུལ་པོའི་སློབ་མར་སློབ་ལོ་རེར་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་སྐྱོར་དངུལ་སྒོར2000སྤྲོད་རྒྱུ་བཅས་གསལ་པོ་བཏོན་ཡོད།

ཀན་སུའུ་ཞིང་ཆེན་གྱིས་ད་དུང་ད་ལྟ་ལག་ལེན་བསྟར་བཞིན་པའི་སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་གྲོན་བསྡུའི་ཚད་གཞི་གཞིར་བཟུང་། གཞུང་བཙུགས་ཀྱི་སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་སློབ་མ(ཡིག་ཚགས་དང་གཱ་བཟོས་མེད་པའི་ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་སློབ་མ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཁྱིམ་ཚང་གི་སློབ་མ། གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོབ་འཚོ་སྐྱོང་སློབ་མ་བཅས་ཚུད་པ)ཡི་སློབ་ཡོན་ཙག་ཙིག་རྩ་ཆག་གཏོང་རྒྱུ་ཡིན་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།