ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་ཚུལ་མགྱོགས་སུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གེ་སར་སྒྲུང་པའི་བབས་སྒྲུང་གི་རིགས་མེད་པར་འགྱུར་བཞིན་ཡོད་ལ། ད་ལྟ་ཡོད་མཁན་ནི་བསླབ་སྒྲུང་གི་རིགས་སུ་གྱུར་ཡོད། སྒྲུང་ཁ་ཤས་ནི་མི་མེད་སྒྲུང་སྟོངས་སུ་གྱུར་ལ། དངོས་པོ་རྩ་ཆེན་དང་རྒྱུ་ཆ་ཁ་ཤས་ཀྱང་བོར་བརླག་གི་རྣམ་པ་ཐོན་ཡོད་པས།  ཀན་ལྷོ་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་ཆད་ཉེན་དང་མེད་པར་འགྱུར་ཉེན་ཡོད་པ་རེད། དེར་བརྟེན། ཀན་ལྷོ་ཁུལ་གྱིས་ཉེ་བའི་ལོ་ཤས་རིང་། རིག་གནས་ཤུལ་བཞག་གི་རྒྱུན་འཛིན་སྲུང་སྐྱོང་མགྱོགས་སུ་བཏང་ནས་མངོན་མིན་རིག་གནས་ཤུལ་བཞག་གི་དཔྱད་མཛོད་བསྐྲུན་ཏེ་རིགས་ཆེ་གྲས་བཅུའི་ཐོག་ནས་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས518ཙམ་ཟིན་བྲིས་སུ་བཀོད་ཡོད་པར་མ་ཟད། གང་མྱུར་གཞི་གྲངས་ཅན་དུ་བསྒྱུར་བཞིན་ཡོད།

ཀན་ལྷོ་ནི་ཨ་མདོ་བོད་ཁུལ་དུ་གཏོགས་ལ། མངའ་ཁོངས་ཀྱི་བླ་བྲང་བཀྲ་ཤིས་འཁྱིལ་ནི་ཨ་མདོ་ས་ཁུལ་གྱི་ཆོས་ལུགས་དང་། སྒྱུ་རྩལ། རིག་གནས་བཅས་ཀྱི་ལྟེ་བ་ཡིན་པ་དང་། ཁུལ་ཁོངས་སུ་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས192ཡོད་པ་ནི་ཁུལ་རིམ་པའི་མིང་གཞུང་དུ་བཀོད་ཡོད་ལ། རྣམ་གྲངས38ནི་ཞིང་ཆེན་རིམ་པའི་མིང་གཞུང་དུ་བཅུག་ཡོད་པ། རྣམ་གྲངས་8ནི་རྒྱལ་ཁབ་རིམ་པའི་མིང་གཞུང་དུ་བཅུག་ཡོད་པ་རེད། དུས་མཚུངས་སུ། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ5དང་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ58གསོ་སྐྱོང་བྱས་ཡོད་པ་རེད།

ཟླ1པོའི་ཚེས5ཉིན། ཀན་ལྷོ་ཁུལ་གྱི་རིག་གནས་རྒྱང་སྒྲོག་གསར་འགྱུར་ཅུད་ཀྱི་འགོ་འཛིན་ཚའོ་ཧྲི་ཆིང་གིས་ཀྲུང་གོའི་གསར་འགྱུར་དྲ་བའི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ཀན་ལྷོ་ཁུལ་གྱིས2005ལོ་ནས་བཟུང་ཆེད་ལས་མི་སྣ་བདམས་ཏེ་རྫོང་དང་ཤང་། གྲོང་ཚོ་རུ་ཕྱིན་ཏེ་བཅར་འདྲི་རྟོག་ཞིབ་དང་མྱུར་སྐྱོབ་འཚོལ་བསྡུ་བྱས་ཡོད་ལ། ལྷག་པར་དུ་དགུང་ལོ་མཐོ་བ་དང་སྟོངས་ཉེའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཕྱོགས་བསྡུས་ཀྱིས་འཚོལ་བསྡུ་ལེགས་སྒྲིག་བྱས་པ་དང་། དུས་མཚུངས་སུ། གདོད་མའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ལ་ལྟ་སྦྱོང་ཉམས་ཞིབ་བྱས་པར་མ་ཟད། ཡི་གེ་དང་བརྙན་ཕབ། སྒྲ་ཕབ་བཅས་གཞི་གྲངས་ཅན་གྱི་རྣམ་པའི་ཐོག་ནས་ཟིན་བྲིས་སུ་འགོད་པའི་ཚོད་ལྟ་བྱས་ཡོད་ཅེས་བསྟན་པ་རེད།

རྣམ་ཐར་ནི་ཀན་ལྷོ་ཁུལ་གྱི་འཛམ་གླིང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཅིག་རེད། རྩ་ཆེའི་མི་རིགས་རིག་གནས་འདི་ཉིད"གསོན་ཉམས་ལྡན་པའི་ངང་རྒྱུན་འཛིན"བྱ་ཆེད། ཀན་ལྷོ་ཁུལ་གྱིས་རང་བདག་གསར་གཏོད་ངང་ཨ་མདོའི་རྣམ་ཐར་ཆེ་གྲས་《ཐང་སྟོང་རྒྱལ་པོ》ཞེས་པ་འཁྲབ་སྟོན་བྱས་ཤིང་། ས་གནས་མང་པོ་ཞིག་ཏུ་རེས་སྐོར་འཁྲབ་སྟོན་ཡང་བྱས་ཡོད། དུས་མཚུངས་སུ། དུས་བཀག་མེད་པར་ཟློས་གར་ཁང་དང་ཐང་ཆེན་སོགས་སུ"རྣམ་ཐར"འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་ནས་རྒྱུན་འཛིན་དང་ཁྱབ་སྤེལ་བྱས་ཡོད་ཅེས་བརྗོད། 

མདའ་སྟོད་པ་དང་། སྨྱུང་གནས་སྲུང་བ། སྨོན་ལམ་ཚུགས་པ་སོགས་ནི་ཀན་ལྷོ་ཁུལ་གྱི་དུས་ཚིགས་བཞི་ལ་སྤེལ་བའི་དམངས་སྲོལ་ཆོས་ལུགས་བྱེད་སྒོ་ཡིན་ལ། འདིའང་ཀན་ལྷོ་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་ཟིན་བྲིས་སུ་འགོད་པ་དང་རྒྱུན་འཛིན་བྱེད་ཐབས་གལ་ཆེན་ཞིག་རེད། དེ་ཙམ་མ་ཟད། ཀན་ལྷོ་ཁུལ་གྱིས་ད་དུང་སྔ་གཞུག་ཏུ་《ཀན་ལྷོ་ཁུལ་གྱི་ལོ་རྒྱུས་རིག་གནས་དཔེ་ཚོགས་》དང་《ཀན་ལྷོ་བོད་རིགས་ཀྱི་དམངས་གླུ།》 《ཀན་ལྷོ་ཁུལ་གྱི་རྣམ་ཐར་འཁྲབ་གཞུང་གཅེས་བཏུས།》 《བསང་ཆུ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག》 《འབྲུག་ཆུ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་གི་དཔེ་ཚོགས།》 《ངོ་མཚར་གྱི་ཤམ་བྷ་ལ།》 《ཅོ་ནེ་རྫོང་གི་བརྙན་རིས་》སོགས་པའི་དཔེ་ཆ་འགྲེམ་སྤེལ་བྱས་ཏེ། ཀན་ལྷོ་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་པ་ཚང་མ་ཟིན་ཐོ་རུ་བཀོད་ཡོད་དོ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།