ཀྲུང་གོ་བོད་ཀྱི་དྲ་བ།

གཙོས་གྲོང་ཁྱེར་གྱིས་བྱ་ཐབས་སྣ་མང་སྤྱད་དེ་ཡུལ་སྐོར་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་གཙོས་གྲོང་ཁྱེར་ནི་མི་ཆོས་ཡུལ་ལྗོངས་ཐུན་མོང་མ་ཡིན་པ་དང་། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ། སྤྲོ་སྐྱིད་ཀྱི་དཔལ་ལ་རོལ་སའི་གནས་མཆོག་ཅིག་ཡིན། ཁོངས་གཏོགས་སུ་ཨ་མྱེས་གཉན་ཆེན་དང་། ཀླུ་ཤོད་ཀྱི་ཀླུ་ཆུ། མཛོད་དགེ་རྩྭ་ཐང་ཆེན་མོ། རྐང་ཚའི་གནས་ཁང་སོགས་རང་བྱུང་གི་ཡུལ་ལྗོངས་ལྟ་ན་སྡུག་པ་ཡོད་ལ། སྲོལ་རྒྱུན་གྱི་གོས་སྐུ་བཤམས་པའི་དུས་ཆེན་དང་མདའ་འཕེན་དུས་ཆེན། ཤིང་སློང་དུས་ཆེན། མི་རིགས་ལུས་རྩལ་བྱ་འགུལ་སོགས་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་ལྡན། ཉེ་བའི་ལོ་འགར། གཙོས་གྲོང་ཁྱེར་གྱིས་རང་སའི་བབ་བཟང་ལ་བརྟེན་ནས་ཡུལ་སྐོར་ཐོན་ལས་དེ་ཐོན་ལས་ཐོག་མ་རུ་བརྩིས་པས། གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ལས་རིགས་དེ་བདེ་བླག་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན།

གཙོས་གྲོང་ཁྱེར་གྱིས་ཤུགས་ཆེན་པོས་ཡུལ་སྐོར་ཐོན་ཁུངས་གསར་འབྱེད་བྱས་ཏེ། དུང་ཕྲུག་རི་བོའི་བོད་ཀྱི་རིག་གནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་རོལ་མྱོང་ས་ཁུལ་དང་། མཛོད་དགེ་རྩྭ་ཐང་ཆེན་མོའི་ཡུལ་ལྗོངས་ས་ཁུལ། ཀླུ་ཤོད་ཀྱི་ཀླུ་ཆུའི་ཡུལ་སྐོར་ཡུལ་ལྗོངས་ས་ཁུལ་སོགས་ཀྱི་ལས་གཞིའི་འཛུགས་སྐྲུན་དག་གོ་རིམ་ལྡན་པའི་སྒོ་ནས་སྒྲུབ་བཞིན་ཡོད། 2017ལོར། གཙོས་གྲོང་ཁྱེར་གྱིས་སྐབས་བཅོ་བརྒྱད་པའི་ཀྲུང་གོ·ཀན་ལྷོ་ཤམ་བྷ་ལའི་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ཕུན་སུམ་ཚོགས་པའི་ངང་སྤེལ་བ་དང་། མགྱོགས་མྱུར་གྱིས་ཡུལ་སྐོར་ལས་གཞིར་ཚོང་འགུག་བྱེད་པ་རྩ་འཛུགས་བྱས་ཏེ། སྔ་རྗེས་སུ་ཁྲིན་ཏུའུ་དང་། ཕིན་ལིང་ས་ཁུལ་སོགས་སུ་ཕྱོགས་ཡོངས་ནས་ཡུལ་སྐོར་ཐོན་ཁུངས་ཁྱབ་བསྒྲགས་བྱས།

ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་དང་སྤྱི་སྤྱོད་ཞབས་ཞུའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་མུ་མཐུད་དུ་ཇེ་ཆེར་བཏང་བ་དང་། ཡུལ་སྐོར་གྱི་སྤུས་ཚད་དང་ཕྱོགས་བསྡུས་སྣེ་ལེན་ནུས་པ་མཐོར་འདེགས་སུ་བཏང་། 2017ལོར། གྲོང་ཁྱེར་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི 168.4སྣེ་ལེན་བྱས་པ་དང་། སྔར་ལོའི་དུས་མཚུངས་དང་བསྡུར་ན10%འཕར། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར9.15ལ་བསླེབས་ཏེ་སྔར་ལོའི་དུས་མཚུངས་དང་བསྡུར་ན15%འཕར།

དེ་དང་མཉམ་དུ། གཙོས་གྲོང་ཁྱེར་གྱིས་མཉམ་འབྲེལ་ཁྲིམས་འཛུགས་མ་ལག་བཙུགས་ཏེ་ཡུལ་སྐོར་འཛད་སྤྱོད་པའི་དབང་ཆ་ལ་གནོད་པར་སྔོན་ལ་སྐྱིན་ཚབ་སྤྲད་པའི་བྱ་ཐབས་ལག་བསྟར་བྱས་ཤིང་། ཡུལ་སྐོར་ལས་བྱེད་མི་སྣའི་ཕྱོགས་བསྡུས་གསབ་སྦྱོང་སོགས་བྱ་ཐབས་སྣ་མང་སྤེལ་ཏེ། ཡུལ་སྐོར་སྣེ་ལེན་གྱི་ནུས་པ་མུ་མཐུད་དུ་མཐོར་འདེགས་དང་སྐྱེ་ཁམས་ཀྱི་ཡུལ་སྐོར་འཕེལ་རྒྱས་སུ་བཏང་། གོམ་སྟབས་རྗེས་མར་ཡུལ་སྐོར་ཐོན་ཁུངས་དེ་ཕྱོགས་ཡོངས་ནས་ཡུལ་སྐོར་ཐོན་ལས་སུ་རྣམ་པ་བསྒྱུར་བའི་ཐོད་བརྒལ་མངོན་འགྱུར་བྱ་རྒྱུའོ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།