ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭའི2018ལོའི་སློབ་མ་བསྡུ་བའི་བརྡ་ཡིག

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག  སློབ་གྲྭ་ངོ་སྤྲོད།

ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭ་ནི1986ལོར་བཙུགས་ཤིང་། དེ་ནི་རྒྱལ་གཅེས་ཆོས་གཅེས་ཀྱི་བོད་བརྒྱུད་ནང་བསྟན་གྱི་གྲྭ་བ་སྐྱེད་སྲིང་བྱེད་སའི་སློབ་གྲྭ་ཞིག་ཡིན། བླ་བྲང་དགོན་པའི་འཆད་རྩོད་རྩོམ་གསུམ་ལ་དབང་འབྱོར་བའི་དགེ་བའི་བཤེས་གཉེན་དག་གིས་ཆོས་ལུགས་དཔེ་ཁྲིད་གནང་བ་དང་། དགེ་རྒན་གྱི་དཔུང་ཁག་ཆེ་ཞིང་སློབ་སྒྲུབ་ཀྱི་འབྲས་བུ་མངོན་གསལ་དོད་པོ་ཡིན། ལོ་ངོ་སུམ་ཅུའི་རིང་དུ་ཆོས་ལུགས་སློབ་གྲྭའི་སྒྲུབ་ཕྱོགས་ལག་བསྟར་བྱས་ཏེ་ཀན་སུའུ་དང་། མཚོ་སྔོན། སི་ཁྲོན། ཞིན་ཅང་། བོད་ལྗོངས། ནང་སོག་བཅས་ལྗོངས་དང་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་དགོན་པའི་ཕུལ་བྱུང་གྲྭ་བ་མང་བོ་དང་ན་གཞོན་སྤྲུལ་སྐུ་བརྒྱ་ལྷག་སྐྱེད་སྲིང་བྱས། དེ་ལས་མང་ཆེ་ཤོས་ཀྱིས་དགོན་པའི་དོ་དམ་པ་རྒན་གཞོན་དང་། ཁོངས་མི། དགེ་རྒན་སོགས་ཀྱི་འགན་ཁུར་མུས་སུ་ཡོད་དེ། བོད་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་གཏན་ལྷིང་དང་། ནང་བསྟན་རིག་གནས་དར་སྤེལ་བྱ་བཞག་ཐད་ལ་ནུས་པ་བླ་ལྷག་བཏོན་དང་འདོན་བཞིན་ཡོད། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་བོད་བརྒྱུད་ནང་བསྟན་པར་ཡོན་གནས་སྤྲོད་ཐབས(ཚོད་ལྟ)ལྟར 2016ལོ་ནས་འབྲིང་རམས་པའི་འཛིན་གྲྭ་བསྡུས་ཤིང་། 2017ལོ་ནས་ནང་བསྟན་གཞུང་ལུགས་དམའ་རིམ་པའི་འཛིན་གྲྭའང་བསྡུས་པ་ཡིན།

གཉིས།  སྐྱེད་སྲིང་གི་དམིགས་ཡུལ།

མེས་རྒྱལ་ལ་དགའ་ཞིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་བྱེད་ཅིང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་ཆོས་ལུགས་ཀྱི་ཡོན་ཚད་ངེས་ཅན་ལྡན་པ། མང་ཚོགས་སུ་སྙན་གྲགས་རྒྱས་པ། གནད་འགག་སྐབས་སུ་འཇོན་ཐང་ལྡན་པ། སྒྲིག་ཁྲིམས་བརྩི་ཞིང་དད་ལྡན་མང་ཚོགས་ལ་འབྲེལ་འདྲིས་ཟབ་པའམ་སློབ་ཁྲིད་ལ་ཞིབ་འཇུག་བྱེད་ནུས་པའི་གྲྭ་བ་སྐྱེད་སྲིང་བྱ་རྒྱུའོ།།

གསུམ།  སློབ་མ་བསྡུ་བའི་འཆར་གཞི།

རྒྱལ་ནང་གི་ཆོས་སྒོ་ཕྱེ་བར་ཆོག་མཆན་ཐོབ་ཡོད་པའི་བོད་བརྒྱུད་ནང་བསྟན་དགོན་པ་ནས་འབྲིང་རམས་པའི་ཡོན་གནས་འཛིན་གྲྭར་སློབ་མ་ཉེར་ལྔ་རེ་བསྡུ་རྒྱུ་ཡིན་ཞིང་དེ་དག་གི་སློབ་ཡུན་ལོ་བཞི་ཡིན། ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་ནས་སློབ་མ་བསྡུ་རྒྱུ་ཡིན།

བཞི།  རྒྱུགས་སྤྲོད་པའི་ཆ་རྐྱེན།

1. ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་ལ་བརྩི་བཀུར་དང་།  སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་དགའ་ཞེན་ཆེ་བ། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ།  སྒྲིག་བརྩི་ཞིང་ཁྲིམས་སྲུང་ཐུབ་པའོ།།

2. དད་པ་བརྟན་ཞིང་ཚུལ་སྡོམ་ཁྲིམས་གཙང་བ་དང་། ནང་བསྟན་གཞུང་ལུགས་ཀྱི་རྨང་གཞི་བཟང་བ།

3. རང་ལོ་བཅོ་བརྒྱད་ནས་སོ་ལྔའི་བར་གྱི་དགོན་པར་བཞུགས་ཡོད་པའི་དགེ་ལུགས་པའི་གྲྭ་བ།

4. དབང་བོ་ལ་སྐྱོན་མེད་ཅིང་འགོས་ནད་སོགས་ནད་གཞི་ཆེན་པོ་མེད་པའོ།།

ལྔ།  ཐོ་འགོད་རྩ་འཛུགས།

1. རྒྱུགས་སྤྲོད་མཁན་གྱིས་རེ་འདུན་ཞུ་ཡིག་འབྲི་དགོས་ཤིང་། དགོན་པའི་དོ་དམ་ཁང་གིས་མཚམས་སྦྱོར་བྱ་དགོས།

2. ཁུལ་དང་རྫོང(གྲོང་ཁྱེར)ཆོས་ལུགས་ལས་དོན་ཅུས་ཀྱིས་རྒྱུགས་སྤྲོད་མཁན་གྱི་ཐོབ་ཐང་ལ་ཞིབ་བཤེར་ནན་མོ་བྱས་ཏེ་ར་སྤྲོད་ཡི་གེ་འབྲི་དགོས་ལ། རང་ས་གནས་ཀྱི་སྤྱི་བདེ་མངག་གཏོང་ཁང་གིས་ཆབ་སྲིད་ཞིབ་བཤེར་གྱི་དཔང་ཡིག་འབྲི་དགོས།

དྲུག  རྒྱུགས་ལེན་ཁྱབ་ཁོངས།

རྒྱུགས་ཀྱི་ནང་དོན་ལ་ནང་རིག་དང་ཆབ་སྲིད། རིག་གནས་བཅས་ཁག་གསུམ་འདུས་ཡོད།

འབྲིང་རམས་པའི་རྩོད་རྒྱུགས་ལ་རྣམ་འགྲེལ་དང་། ཕར་ཕྱིན། དབུ་མ་བཅས་ཡིན་ཞིང་། ཆབ་སྲིད་ལ་མི་རིགས་ཆོས་ལུགས་སྲིད་ཇུས་དང་སྒྲིག་སྲོལ། སྐབས་དོན་ཆབ་སྲིད་བཅས་དང་། རིག་གནས་ཀྱི་སྐོར་ལ་སུམ་རྟགས་དག་གསུམ་དང་བོད་ཀྱི་ལོ་རྒྱུས། ནང་བསྟན་གྱི་རྒྱུན་ཤེས། རྩོམ་འཇུག་བཅས་ལེན་རྒྱུ་ཡིན།

བདུན།  རྒྱུགས་ལེན་སྟངས།

འབྲིང་རམས་པར་རྣམ་འགྲེལ་དང་ཕར་ཕྱིན་གཉིས་ལ་རིགས་ལུང་བས་རྟགས་གསལ་རེ་རེ་གཏོང་རྒྱུ་དང་། དབུ་མ་ལ་རྒྱུགས་བྱང་འཐེན་ཏེ་རྒྱུགས་སྤྲོད་མཁན་ནང་ཕན་ཚུན་བར་རྩོད་རྒྱུ། ཆབ་སྲིད་ནི་ལྟ་རྒྱུགས་དང་རིག་གནས་ནི་བློ་རྒྱུགས་སོ།།

བརྒྱད།  སློབ་མ་སྡུད་ཐབས།

ཞིང་ཆེན་སོ་སོའི་མི་གྲངས་དེ་རྒྱུགས་སྤྲོད་མཁན་གྱི་དངོས་ཡོད་གནས་ཚུལ་ལ་བལྟས་ནས་བཅོས་བསྒྱུར་རེ་ཡོད་སྲིད་ཅིང་། སློབ་གྲྭས་རྒྱུགས་འབྲས་ཀྱི་མཐོ་དམའ་ལྟར་བདམ་རྒྱུ་དང་། གྲྭ་བཙུན་གྱི་ཆབ་སྲིད་བསམ་བློ་དང་སྤྱོད་ལམ་ལ་མཐོང་ཆེན་བྱས་ཏེ་ཁྱོན་ཡོངས་ལ་བརྟགས་རྗེས་སྡུད་ལེན་བྱ་རྒྱུ།

དགུ།  མིང་ཐོ་འགོད་དུས་དང་བླང་བྱ།

མིང་ཐོ་འགོད་དུས་ནི་ཟླ5བའི་ཚེས11ཉིན་ནས་ཟླ6པའི་ཚེས10བར་ལ་རང་ས་གནས་ཀྱི་གྲོང་ཁྱེར་རམ་རྫོང་ཆོས་ལུགས་ལས་དོན་ཅུས་སུ་མིང་ཐོ་འགོད་དགོས་ཤིང་། ཟླ6པའི་ཚེས11ཉིན་ལ་འབྲེལ་ཡོད་སྡེ་ཁག་གིས་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭ་ལ་ཐོ་འགོད་རེའུ་མིག་ཕྱོགས་བསྡུས་བྱས་ཏེ་སྤྲོད་དགོས། ཟླ6པའི་ཚེས12ཉིན་ལ་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭ་རུ་འབྱོར་ཐོ་འགོད་དགོས། མིང་ཐོ་འགོད་དུས་སུ་གྲྭ་ཆས་གྱོན་པའི་ཚིན་གང་ཅན་གྱི་ཚོན་ལྡན་འདྲ་པར་བཞི་སྤྲོད་དགོས་པ་དང་། རྒྱུགས་སྤྲོད་མཁན་གྱིས་སློབ་གྲྭས་བཀྲམ་པའི་ཐོ་འགོད་རེའུ་མིག་ཡིག་གཟུགས་ཡག་པོས་བསྐངས་ཏེ་དགོན་པའི་གཞུང་ཐེལ་བརྒྱག་རྒྱུ་དང་རང་ཉིད་ཀྱི་གྲྭ་མིང་ཡང་འབྲི་དགོས་ལ། རྫོང་ཆོས་ལུགས་སྡེ་ཁག་གི་ཞིབ་དཔྱད་ཆོག་མཆན་ཡི་གེ་དང་དགོན་པའི་མཚམས་སྦྱོར་ཡི་གེ སྤྱི་བདེ་མངག་གཏོང་ཁང་གི་དཔང་ཡིག  ཐོབ་ཐང་དཔང་ཡིག གྲྭ་བའི་དཔང་ཡིག་བཅས་འདོན་སྤྲོད་བྱ་དགོས།

བཅུ།  རྒྱུགས་ལེན་གྱི་ཡུལ་དུས།

1. ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭ་ནས་རྒྱུགས་ལེན་རྒྱུ་ཡིན།

2. 2018ལོའི་ཟླ6པའི་ཚེས13ནས་ཚེས15ཉིན་ལ་རྒྱུགས་ལེན་རྒྱུའོ།།

བཅུ་གཅིག  ཆེད་སྦྱོང་དཔེ་ཁྲིད་ཀྱི་ནང་དོན།

འབྲིང་རམས་པའི་འཛིན་གྲྭར་རྣམ་འགྲེལ་དང་ཕར་ཕྱིན། དབུ་མ། མཛོད། འདུལ་བ་བཅས་འཁྲིད་རྒྱུ་ཡིན།

བཅུ་གཉིས།  ཆོས་ལུགས་དཔེ་ཁྲིད་ཀྱི་དགེ་རྒན།

2018ལོའི་འབྲིང་རམས་པའི་འཛིན་གྲྭར་ཆོས་ལུགས་དཔེ་ཁྲིད་གནང་མཁན་ནི་བླ་བྲང་དགོན་པའི་དགེ་བའི་བཤེས་གཉེན་ཀོའུ་བ་བརྩོན་འགྲུས་རྒྱ་མཚོ་ཡིན།

བཅུ་གསུམ།  ཡོན་གནས་སྤྲོད་ཐབས་དང་མཐར་ཕྱིན་རྗེས་ཀྱི་འགྲོ་ས།

1. སློབ་ལོ་འདང་ཞིང་སྦྱངས་འབྲས་ཚད་ལོངས་པའི་ཁར། རྒྱུགས་ལེན་ཐོབ་ཐང་ཞིབ་བཤེར་དང་དཔྱད་རྩོམ་བགྲོ་གླེང་། ཡོན་གནས་རྩོད་རྒྱུགས་སོགས་ལོན་ཚེ་འབྲིང་རམས་པའི་ཡོན་གནས་སྤྲོད་རྒྱུ།

2. སློབ་མཐར་ཕྱིན་རྗེས་རང་དགོན་དུ་ཕེབས་པར་ཁག་ཐེག་བྱ་ཆེད། སློབ་མ་སློབ་གྲྭར་ཞུགས་དུས་ངེས་པར་དུ་དགོན་པའི་དོ་དམ་ཁང་དང་གྲོས་ཆིངས་འཇོག་དགོས།

བཅུ་བཞི།  གསལ་བཤད།

1. མཁོ་བའི་ཡིག་རིགས་མི་ཚང་བ་ནི་གཅིག་ཀྱང་རྒྱུགས་ལ་ཞུགས་མི་རུང་།

2. རྒྱུགས་ལེན་སྐབས་སུ་རང་ཉིད་ཀྱི་འགྲོ་སོང་རང་གིས་གཏོང་དགོས།

3. སློབ་གྲྭར་སློབ་གཉེར་བྱེད་སྐབས་འབྲེལ་ཡོད་ཐག་བཅད་ལྟར་འཚོ་བའི་གྲོན་དངུལ་ལོངས་སུ་སྤྱད་ཆོག

4. སྐད་འཕྲིན་སྤྱི་སྟེགས་ཨང་གྲངསgssfxyjwcལས་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭའི་སློབ་མ་སྡུད་ལེན་གྱི་ཐོ་འགོད་རེའུ་མིག་ཅེས་པ་ཕབ་ལེན་བྱ་དགོས།

འཕྲིན་སྐྱེལ་ཡུལ།  ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་བསང་ཁོག་ཡུལ་ཚོ་བསང་ཁོག་སྡེ་སར་ཨང053

སྦྲག་སྲིད་ཨང་གྲངས།  747199

འབྲེལ་གཏུག་བྱེད་ས།  ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭའི་སློབ་དོན་ཁང་།

བརྙན་སྐྱེལ་ཨང་གྲངས།    0941-7125134

འབྲེལ་གཏུག་པ།     རྡོ་རྗེ་ཐར།

འབྲེལ་གཏུག་ཁ་པར།     13893959884

རྩོམ་སྒྲིག་པ། : ཀླུ་མོ་མཚོ།