ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུ་རྫོང་གི་ཐོན་ལས་གསར་བས་དབུལ་སྐྱོར་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ནི་ཀན་སུའུ་ཞིང་ཆེན་གྱི་ཕྱུགས་ལས་ཐོན་ལས་ཀྱི་རྟེན་གཞིའི་གྲས་ཤིག་ཡིན་ལ། རྨ་ཁུག་རྟ་དང་དབལ་བན་ནོར། དངུལ་རྭའི་ལུག རྨ་ཁུག་འབྲོག་ཁྱི་བཅས་རྒྱུད་བཟང་ཕྱུགས་རིགས་ཆེ་གྲས་བཞིའི་གདོད་མའི་ཐོན་ཡུལ་ཡིན། 2017ལོའི་ལོ་མཇུག་ཏུ་རྫོང་ཡོངས་ལ་བསྡོམས་པས་ཕྱུགས་རིགས་ཁྲི89.47ཡོད་པ་དང་དེའི་ཁྲོད་དུ་ནོར་ཁྲི45.88དང་ལུག་ཁྲི43.44ཡོད། ནོར་ལུག་ཁྲི41.47བཤས་ཁོངས་སུ་བཏང་། ལོ་ཧྲིལ་བོའི་ཤ་རིགས་སྤྱིའི་ཐོན་ཚད་ཏུན19993ལ་བསླེབས་ཏེ་ལོ་སྔོན་མ་ལས7.16%འཕར། འོ་མ་ཐོན་ཚད་ཏུན34703ལ་བསླེབས།

ནོར་ལུག་གཙོ་བྱས་པའི་ཁྱད་ལྡན་ཕྱུགས་ལས་ཐོན་ལས་ནི་རྫོང་ཡོངས་ཀྱི་གཙོ་ཁྲིད་ཀྱི་ཐོན་ལས་ཡིན་ལ། རྫོང་ཡོངས་ཀྱིས་ས་ཁོངས་ཀྱི་བཟང་ཆ་དང་ཕུན་སུམ་ཚོགས་པའི་གསོ་ཆས་དང་ཕྱུགས་རིགས་ཐོན་ཁུངས་ལ་བརྟེན་ནས་ནོར་ལུག་གི་ཐོན་ལས་འཕེལ་རྒྱས་ཇེ་ཆེར་བཏང་བ་དང་། ནོར་ལུག་ཐོན་ལས་དེ་དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་ཇེ་མང་དུ་གཏོང་བའི་ཐབས་ལམ་གཙོ་བོ་རུ་གྱུར། དངུལ་རྭ་ཤང་བཀྲ་ཤིས་ཐང་དངུལ་རྭའི་ལུག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དེ་རྩྭ་ཆུ་གཉིས་འཛོམས་ཀྱི་དངུལ་རྭའི་རྩྭ་ཐང་དུ་ཡོད་པས། ཆེད་ལས་མཉམ་ལས་ཁང་གིས་དངུལ་རྭའི་ལུག་ལྟེ་བའི་ཐོན་ཁུལ་གྱི་ས་བབ་བཟང་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་བེད་སྤྱོད་དང་དངུལ་རྭའི་ལུག་སྐྱེ་འཕེལ་ཚད་དང་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་སུ་བཏང་སྟེ་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། ཁྱིམ་ཚང་མཉམ་འབྲེལ་གྱི་ཕྱུགས་ར་འཛུགས་སྐྲུན་བྱ་རྒྱུ་དེ་བྱ་ཐབས་གཙོ་བོར་བྱས་ནས། སྤྱོད་གོ་ཆོད་པའི་གསོ་སྤེལ་ལག་རྩལ་གསོ་སྦྱོང་བྱས་ནས་མཉམ་ལས་ཁང་གི་འབྲོག་ཁྱིམ་ཚན་རིག་ཅན་དང་གཞི་ཁྱོན་ཅན་གྱི་གསོ་སྤེལ་གྱི་ལམ་དུ་སྐྱོད་པར་སྐུལ་འདེད་བཏང་།

དེང་རབས་ཕྱུགས་ལས་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་ཆེད། ལས་གཞི་བརྟེན་ས་གཙོ་བོ་བྱས་ནས་འཛུགས་སྐྲུན་གྱི་ཚད་གཞི་ཚད་ལྡན་དང་དཔེ་སྟོན་གསར་འཛུགས་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ་གཞི་ཁྱོན་ཅན་དང་ཚད་གཞི་ཅན་གྱི་ཕྱུགས་ལས་ཐོན་སྐྱེད་འཕེལ་ཚུལ་ཇེ་་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་། རྨ་ཆུ་རྫོང་གིས་ཤུགས་ཆེན་པོས་ནོར་ལུག་ཐོན་ལས་ཀྱི་རྫོང་ཆེན་དང་དྲོད་ཁང་འཛུགས་སྐྲུན་སོགས་གཙོ་གནད་ལས་གཞི་སྤེལ་ནས། 2015ལོ་ནས 2017ལོའི་བར། རྫོང་ཡོངས་ཀྱི་དབུལ་ཕོངས་སྡེ་བར་ཐོན་ལས་ཀྱིས་རོགས་སྐྱོར་དང་ཕྱུགས་སྐྱུར་རྩྭ་འདེབས།  རྒྱལ་ཁབ་ཀྱི་ཕྱུགས་རིགས་ཀྱི་རྒྱུད་བཟང་ཁ་གསབ་སོགས་ལས་གཞི་ལག་བསྟར་བྱས་པ་དང་། དེའི་ཁྲོད་དུ་དྲོད་ཁང1472དང་རྩྭ་མཛོད་ཁང59 མིས་བཟོས་གཟན་རྩྭའི་གཞི་ས་མུའུ386དང་། རྩྭ་གསར་བ་འདེབས་ཁུལ་མུའུ་ཁྲི 8བཅས་བསྐྲུན་པ་དང་། རྒྱུད་སྤེལ་ཐུབ་པའི་གཡག78དང་། བཙའ་ལོ་རན་པའི་འབྲི་མོ582། ཕོ་ལུག18བཅས་བྱིན་ནས། བསྡོམས་པས་སྒོར་ཁྲི3819ཡིས་མ་རྩ་བཏང་བ་དང་། དེའི་ཁྲོད་ཀྱི་སྒོར་ཁྲི 3200ནི་རྒྱལ་ཁབ་ཀྱིས་བཏང་བའི་མ་རྩ་ཡིན་ལ། ས་གནས་ཀྱིས་རང་གྲབས་བྱས་པའི་མ་དངུལ་སྒོར་ཁྲི619ཡིན།

རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ9ཡིས་རྩྭ་སའི་རིགས་དང་ཐོན་ལས་ཀྱི་བྱེད་ནུས་ལ་གཞིགས་ནས་ནོར་དང་ལུག་གི་ཐོན་ལས་ཁུལ་གཉིས་སུ་བགོས་ཏེ། ནོར་གྱི་ཐོན་ལས་ཁུལ་དུ་ཤང་དང་གྲོང་རྡལ6འདུས་པ་དང་། ལུག་གི་ཐོན་ལས་ཁུལ་དུ་ཤང་དང་གྲོང་རྡལ3འདུས་ཡོད། 2017ལོར་ཕྱུགས་ལས་ཐོན་ལས་ཀྱི་གནས་འཕར་སྒོར་དུང་ཕྱུར6མངོན་འགྱུར་བྱུང་བ་དང་འཕར་ཚད6.9%ལ་བསླེབས། འབྲོག་དམངས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར8410ལ་བསླེབས་ཏེ། སྔར་ལོ་ལས་སྒོར662ཇེ་མང་དུ་སོང་བ་དང8.5%འཕར། 

གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་གྱི་བཀོད་སྒྲིག་དང་བླང་བྱ་རབ་དང་རིམ་པ་ལག་ལེན་དོན་འཁྱོལ་བྱ་ཆེད། སྔར་ལས་ཐོན་ལས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བྱ་བའི་འགན་འཁྲི་ཞིབ་ཚགས་བཟོ་བ་དང“རྨ་ཆུ་རྫོང་དབུལ་ཐར་མཁྲེགས་གཏོར་བཀོད་འདོམས་པུའུ”དང“རྨ་ཆུ་རྫོང‘ཁྱིམ་ཚང་རེར་ཐབས་ཇུས་རེའི’གནད་ཁེལ་དབུལ་ཐར་གྱི་འཆར་གཞི་བཟོ་བཅོས་དང་འཐུས་ཚང་དང་། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ལ་ཐོན་ལས་ཀྱིས་རོགས་སྐྱོར་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་བྱེད་པའི་མཛུབ་སྟོན་ཚན་ཆུང”བཙུགས་ཏེ། མཛུབ་སྟོན་ཚན་ཆུང་གིས་སྙན་ཞུ་ལ་ཉན་པ་དང་དཔྱད་གཞིར་ལྟ་ཀློག ཁྱིམ་ཚང་ལ་སོང་ནས་བརྟག་དཔྱད་དང་བཞུགས་མོལ་ཚོགས་འདུ་ཚོགས་པ་སོགས་ཀྱི་རྣམ་པ་སྤྱད་ནས་དབུལ་ཐར་གྱི་ཐབས་ཤེས་དང་འབྲོག་པའི་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་འཕེལ་རྒྱས་གནས་ཚུལ། སྡེ་བའི་ཐུན་མོང་དཔལ་འབྱོར་རྩིས་དོན། “ཁོག་སྟོང་མཉམ་ལས་ཁང”མེད་པར་བཟོ་བ། 《ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་ཐོན་ལས་རོགས་སྐྱོར་གནས་ཚུལ་གྱི་རྟོག་ཞིབ་རེའུ་མིག》《དབུལ་ཕོངས་རྫོང་གི་ཐོན་ལས་རོགས་སྐྱོར་གྱི་གཞི་རྩའི་གནས་ཚུལ་གྱི་རྟོག་ཞིབ་རེའུ་མིག》འབྲོག་དམངས་ལ་སྤྱོད་གོ་ཆོད་པའི་ལག་རྩལ་གསོ་སྦྱོང་སོགས་བྱ་བ་ལ་ལྟ་ཞིབ་བྱས། 

གྲལ་འགྲིག་པའི་གསོ་སྤེལ་དྲོད་ཁང་དང་ཤ་ཤེད་རྒྱས་པའི་ནོར་ལུག གཡའ་དག་པའི་ནམ་མཁའི་འོག་ན་གདོང་ལ་འཛུམ་གྱིས་ཁེངས་པའི་འབྲོག་པ་མང་ཚོགས་ཀྱིས་སྙན་ཞིང་འཇེབས་པའི་རྫི་གླུ་གསར་བ་བླངས་སོང་། ཁ་ཐོར་གསོ་སྤེལ་ནས་ཚད་ལྡན་ཅན་དང་གཞི་ཁྱོན་ལྡན་པའི་གསོ་སྤེལ་དང་། སྲོལ་རྒྱུན་གྱི་གསོ་སྤེལ་ཐབས་ལམ་ནས་དེང་རབས་ཅན་གྱི་ཕྱུགས་ལས་སུ་འཕེལ་རྒྱས་ཕྱིན། ད་ལྟ། རྨ་ཆུ་རྫོང་གིས་ལོ་ངོ་སྟོང་ཕྲག་ལྷག་གི་རིང་རྩྭ་ཆུ་བསྙེགས་ནས་སྡོད་པའི་འབྲོག་པ་མང་ཚོགས་ཀྱིས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཕྱུགས་ལས་འཕེལ་རྒྱས་ཀྱི་དཔྱིད་ཀ་བསུས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།