ཀྲུང་གོ་བོད་ཀྱི་དྲ་བ།

ཅོ་ནེ་རྫོང་གིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་བྱས་ཏེ་དབུལ་ཐར་བྱ་བར་སྐུལ་འདེད་བཏང་བ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འགྲིམ་འགྲུལ་སྟབས་བདེ་མིན་པའི་རྐྱེན་གྱིས་ནང་གི་ཚོང་ཟོག་ཕྱི་རུ་སྐྱེལ་མི་ཐུབ་ལ་ཕྱི་ཡི་ཚོང་ཟོག་ནང་དུ་འདྲེན་མི་ཐུབ་པ་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གི་སྔོན་ཆད་ཀྱི་གནས་ཚུལ་དངོས་ཡིན། ཡིན་ཡང་ད་སྐབས་རྫོང་དང་ཤང་གི་གཞུང་ལམ་གྱིས་སྡེ་བ་སོ་སོ་སྦྲེལ་ཡོད་ལ། མཁྲེགས་བཟོ་བྱས་ཡོད་པའི་ལམ་རེར་རོང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་སོ་སོའི་སྒོ་ཁར་་གཏད་ཡོད་པས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་ཐག་ཇེ་ཐུང་དུ་བཏང་ཞིང་། རོང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་འབྱུང་བར་སྐུལ་ཁྲིད་བྱས།

སྡེ་བ་རིམ་པའི་གཞུང་ལམ་འཛུགས་སྐྲུན་ལ་ཚོད་འཛིན་ཐེབས་པའི་གནད་འགག་གཙོ་བོ་ནི་མ་དངུལ་ཡིན། ཅོ་ནེ་རྫོང་གི་རིམ་པ་སོ་སོའི་སྡེ་ཁག་གིས་མ་དངུལ་འཚོལ་ཐབས་གསར་འབྱེད་བྱས་ཤིང་། ནུས་ཤུགས་ཡོད་རྒུས་ལས་གཞིའི་མ་དངུལ་དོན་འཁྱོལ་ཡོང་བར་འགན་ལེན་བྱས། སྡེ་ཁག་སོ་སོས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཐབས་ལམ་སྣ་ཚོགས་བརྒྱུད་ནས་ལས་གཞི་བརྩོན་ལེན་དང་། ལས་གཞིའི་འཛུགས་སྐྲུན་མ་དངུལ་གྱི་གནད་དོན་ཐག་གཅོད་བྱས། དུས་མཚུངས་སུ་ནུས་ཤུགས་ཡོད་རྒུས་ཤང་དང་གྲོང་རྡལ་གྱི་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་བྱས་པ་དང་། ལས་སྟེགས་ཁག་གི་མ་དངུལ་མཉམ་བསྲེས་བྱེད་ཤུགས་ཆེ་རུ་བཏང་ཞིང་། མ་དངུལ་མཉམ་བསྲེས་བྱ་ཐབས་སྣ་མང་སྤྱད་དེ་ཕན་ནུས་ལྡན་པའི་སྒོ་ནས་མ་དངུལ་གྱི་ཡོང་ཁུངས་རྒྱ་བསྐྱེད་བཏང་། མིག་སྔར་ཐུག་བར་དུ། བསྡོམས་པས་སྤྱི་ལེ160ཙམ་གྱི་སྡེ་བའི་གཞུང་ལམ་དང་སྲང་ལམ་གཙོ་བོ་དག་མཁྲེགས་བཟོ་བྱེད་པའི་ལས་འགན་ལེགས་འགྲུབ་བྱུང་ཞིང་། མ་དངུལ་སྒོར་ཁྲི8000བཏང་།

སྔར་ནས་བཟུང་སྟེ། “ས་ཆ་བསྡུ་ལེན་དང་བཤིག་སྤོ་བྱེད་པ”ནི་ལས་གཞི་འཛུགས་སྐྲུན་ཁྲོད་ཀྱི་ཆེས་དཀའ་གནད་ཆེ་བའི་གནད་དོན་ཡིན། ཡིན་ཡང་སྡེ་བ་རིམ་པའི་གཞུང་ལམ་འཛུགས་སྐྲུན་ལ་སྡེ་དམངས་ཡོངས་ཀྱི་དང་ལེན་དང་རྒྱབ་སྐྱོར་ཐོབ་ཡོད་དེ། ཁོ་ཚོས་མ་དངུལ་དང་ནུས་ཤུགས་བཏོན་པ་མ་ཟད། ད་དུང་རང་ཁྱིམ་གྱི་ས་ཞིང་རིན་དོད་མེད་པར་སྡེ་བའི་གཞུང་ལམ་འཛུགས་སྐྲུན་བྱེད་པར་ཞལ་འདེབས་སུ་ཕུལ།

དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་སྤེལ་བ་ནས་བཟུང་། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དབུལ་ཐར་མཁྲེགས་གཏོར་གྱི“ལས་གྲྭ་དང་པོར”དམ་དུ་དམིགས་ཏེ། གཏིང་ཟབ་སྒོས་ཞིང་ཆེན་དང་ཁུལ་གྱི“བཞི་བཟང་གྲོང་གསེབ་གཞུང་ལམ”འཛུགས་སྐྲུན་གྱི་བླང་བྱ་དོན་འཁྱོལ་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་འགྲིམ་འགྲུལ་མཐའ་སྐྱོང་རང་བཞིན་གྱི་དམིགས་ཚད་དང་བསྡུར་ནས། ནུས་ཤུགས་ཡོད་རྒུས་འགྲིམ་འགྲུལ་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་ལེགས་པོ་བསྒྲུབས། 2017ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ15ཡི་སྒྲིག་འཛུགས་སྡེ་བ97གྱི་སྡེ་བ་རིམ་པའི་གཞུང་ལམ་སྤྱི་ལེ535ལ་སྣུམ་ནག་འདིང་བ་དང་མཁྲེགས་བཟོ་བྱེད་པའི་དམིགས་འབེན་མངོན་འགྱུར་བྱུང་བས། ཕན་ནུས་ལྡན་པའི་སྒོ་ནས་མང་ཚོགས་ཀྱི་འགྲོ་སྐྱོད་གནད་དོན་ཐག་གཅོད་བྱས།

གྲོང་གསེབ་ཀྱི་ལམ་རེ་རེ་ནི་ཕྱུག་འགྱུར་དང་བདེ་སྐྱིད་ཀྱི་ལམ་ཡིན་ལ། འགྲིམ་འགྲུལ་དབུལ་སྐྱོར་ལ་རྒྱུན་ཆད་མེད་པར་སྒུལ་ཤུགས་གསར་བ་བསྩོལ་བཞིན་ཡོད། སྡེ་མི་རྣམས་ཀྱིས་རླངས་འཁོར་དུ་ཚོང་ཟོག་གསར་བ་བཞག་ནས་ཕྱི་ཕྱོགས་ཀྱི་ཚོང་རའི་ཕྱོགས་སུ་བརྒྱུགས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།